རྔ་བ་རྫོང་ཐོག་ཏུ་ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་ནས་དཀོན་པེ་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་གནང་བཞིན་པ།


2017.12.25
རྔ་བ་རྫོང་ཐོག་ཏུ་ཟ་ཁང་དང་ཚོང་ཁང་སྒོ་བརྒྱབ་ནས་དཀོན་པེ་ལགས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་གནང་བཞིན་པ། ཕྱི་ཚེས་༢༣ཉིན་རང་ལུས་མེར་བསྲེགས་གནང་མཁན་དཀོན་པེ།
ཀིརྟིའི་བྱེས་པ་གྲྭ་ཚང་།

༄༅། །བོད་ཨ་མདོ་རྔ་པ་རུ་དཀོན་པེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་འབོད་ཀྱིས་སྐུ་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་པར་རྔ་པ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་རྒྱབ་ནས་ཁོང་དང་ ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ལོ་༢༠༡༧ ཟླ་༡༢ ཚེས་༢༣ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་གྱི་ཐོག་བོད་ཨ་མདོ་རྔ་པ་རུ་དཀོན་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ཞི་འབོད་ཀྱིས་སྐུ་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག ས་གནས་ནས་བརྙན་ཐུང་ནང་ཁོང་གི་སྐུ་གཟུགས་ཡོངས་རྫོགས་མེ་ལྕེས་བཏུམས་ནས་རྒྱུགས་བཞིན་འདུག་ལ་ཉེ་འཁྲིས་སུ་ཡོད་པའི་བུད་མེད་ཅིག་གིས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཚང་ ཁྱེད་ཀྱི་ཐུགས་རྗེས་གཟིགས་དགོས་ཟེར་བཞིན་ངུ་ངག་གི་ཀློང་ནས་སྐད་འབོད་གསོལ་འདེབས་གནང་བཞིན་པ་གོ་ཐུབ་པ་ལས། དེ་མིན་སྐབས་དེར་ཁོང་གིས་སྐད་འབོད་ཅི་ཞིག་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། དེ་མ་ཐག་ཏུ་ཉེན་རྟོག་པ་སླེབས་ཏེ་ལུས་སྟེང་དུ་འབར་བཞིན་པའི་མེ་བསད་པ་དང་། འབར་ཁམས་སུ་འཁྱེར་ནས་མཚན་གྱི་ཆུ་ཚོད་༡༠ ་ཙམ་ལ་སྨན་ཁང་དུ་སླེབས་ཡོད་ཀྱང་་། ཕྱི་ཚེས་༢༤་བཞིའི་གཞོག་པའི་ཆུ་ཚོད་༥ ཙམ་ལ་སྐུ་གྲོངས་འདུག  རྒྱ་ནག་གཞུང་གིས་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་ནང་མི་ཕེབས་དུས་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་ནང་མི་ལ་སྤྲད་ཡོད་པ་དང་།  ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་དཀོན་པེ་ལགས་ཀྱི་རྗེས་འཇུག་སྒྲུབ་བཞིན་ཡོད་པ་དང་།  ཁོང་གི་ཕ་རྒྱ་སྐྱབས་ལ་རྒྱ་ནག་གཞུང་གིས་དཀོན་པེའི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་བཏང་ཡོད་ཚུལ་བཤད་ནས་འབར་ཁམས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་ཅེས་དང་།  དཀོན་པེ་ལགས་ནི་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། དེང་སྐབས་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོའི་མག་པར་སླེབས་ནས་ལོ་གཅིག་ལྷག་འགྲོ་གི་ཡོད་པ་རེད། ཁོང་གི་མཚན་ལ་དཀོན་པེ་དང་རང་ལོ་༣༠ ཡས་མས་ཤིག་ཡིན་པ་དང༌། ཕ་མིང་ལ་རྒྱ་སྐྱབས་དང་མ་མིང་ལ་འཕྲིན་ལྡོག་ཡིན་པ་རེད།   ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཡིན་པ་རེད།   དཀོན་པེ་ལགས་ནི་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་དུ་དགེ་འདུན་པར་བཞུགས་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་གནང་བ་ཞིག་ཡིན་པ་རེད། དཀོན་པེ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས་ཁ་ས་ཕྱི་ཚེས་༢༤དང་ དེ་རིང་༢༥ གཉིས་ལ་རྔ་བ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་བརྒྱབ་ནས་ཁོང་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་པ་བཅས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་དེ་རིང་ཕྱི་ཚེས་༢༥་ཉིན་གནས་ཚུལ་སྤེལ་འདུག།
གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎