བལ་ཡུལ་དུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ།
2008.05.12
༄༅༎བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཁག་མཚམས་འཇོག་མེད་པར་མུ་མཐུད་དེ་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཞི་བའི་སྒེར་ལངས་ཀྱི་ལས་འགུལ་ལ་དྲག་གནོན་བྱ་འགོ་བཙུགས་པ་ནས་བཟུང་འཛམ་གླིང་ཡུལ་ཁ ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ཞུ་བཞིན་པ་ལྟར་ བོད་མིའི་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེ་ཤོས་ཤིག་བལ་ཡུལ་ནང་གི་བོད་མི་ཚོས་སྤེལ་བཞིན་ཡོད་པ་རེད་ དེ་ཡང་ཁ་སང་ཆ་མཚོན་ནའང་བལ་ཡུལ་གཞུང་གི་ཉེན་རྟོག་དཔུང་དམག་གིས་རྡུང་རྡེག་དང་བཀག་སྡོམ་ཤུགས་ཆེ་བྱས་མིན་ལ་མ་ལྟོས་པར་བོད་ཀྱི་བེུད་སྟོང་ཕྲག་ཉེ་བ་ཞིག་གིས་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་ནང་མཉམ་ཞུགས་ཡོད་པའི་བེུད་སྒྲོལ་མ་མཚོ་མོ་ཞུ་བ་ཞིག་གིས་ རྒྱ་ནག་གཞུང་གིས་ཕྱིའི་ཤེས་ཚོར་མེད་པར་ བོད་ནང་བོད་མིར་དྲག་གནོན་གཏོང་གི་ཡོད་པར་ང་ཚོས་དེར་བཟོད་ཐབས་མེད་པའི་ངོ་རྒོལ་མི་བྱེད་ཀ་མེད་ཡིན་སྐོར་གསུངས་ཡོད་པ་རེད། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་གི་མགྲིན་ཚབ་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ནང་མི་མང་སྒེར་ལངས་ཀྱི་དོན་རྐྱེན་རྗེས་ནས་ བོད་ནས་བལ་ཡུལ་ནང་བོད་མི་བཙན་བྱོལ་བ་གསར་པ་གཅིག་ཀྱང་འབྱོར་མེད་པ་དང་ རྒྱ་ནག་གཞུང་གི་དམ་བསྒྲགས་འོག་བོད་ནང་གི་གནས་ཚུལ་ཤེས་རྟོག་གང་ཡང་མེད་པ་འགྱུར་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད་ ཡང་བཀྲ་ཤིས་ལགས་ཀྱིས་བལ་ཡུལ་ནང་བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་ནི་འགོ་ཁྲིད་མཁན་མེད་པའི་མི་མང་རང་ངོས་ནས་དང་དུ་བླངས་ཏེ་སྤེལ་བའི་ལས་འགུལ་ཞིག་ཡིན་པས་ དེར་བོད་རིགས་ཚོགས་པའི་འགོ་ཁྲིད་ཚོས་བཀག་འདོད་ཀྱང་ བཀག་ཐུབ་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད་ བལ་ཡུལ་གཞུང་གི་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཨེཀེ་མའེ་ནེ་པལ་ ཞུ་བས་ བལ་ཡུལ་གཞུང་ལ་ནང་ཁུལ་དཀའ་རྙོག་མང་དག་ཅིག་ལ་ གདོང་ལེན་བྱ་དགོས་ཀྱི་ཡོད་པས་ བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་བསུན་བཙིའི་གནད་དོན་ཞིག་གྱུར་ཡོད་ཅེས་དང་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་ག་དུས་སྤེལ་བ་ཡིན་ནའི་ འཛིན་བཟུང་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད༎