རང་ལུས་མེར་བསྲེག་མཁན་རྟ་མགྲིན་ཐར་ལ་མྱངན་་རྗེས་དྲན་།
2012.06.18
༄༅༎ཟླ་བ་འདིའི་ཚེས་༡༧ ཉིན་རྒྱ་གར་ཤར་ཕྱོགས་ཀ་ལོན་སྦུག་ཏུ་ས་གནས་བུད་མེད་དང་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག་ སེར་སྐྱ་མི་མང་བརྒྱ་ལྷག་གིས་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲིན་ཐར་ལགས་ཀྱི་ཆེད་དུ་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད་ དེ་ཡང་སྐུ་ཞབས་སངས་རྒྱམ་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་གཞིར་བཟུང་ བོད་ཀྱི་བང་ཆེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ ཟླ་བ་འདིའི་ཚེས་ ༡༥འི་ ཉིན་མདོ་སྨད་གཅན་ཚ་རྫོང་དུ་བོད་རིགས་འབྲོག་པ་རྟ་མགྲིན་ཐར་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་དུ་ཕེབས་དགོས་པ་དང་ བོད་རྒྱལ་ཁབ་ཀྱི་རང་ས་རང་གིས་ཟིན་པའི་ཆེད་དུ་རང་ལུས་མེ་མཆོད་ཕུལ་ནས་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན་ ཁོང་གི་བཟའ་ཟླ་བུ་ཕྲུག་བཅས་པར་སེམས་གསོའི་ཆེད་དུ་མར་མེ་ཁྲོམ་སྐོར་དང་དགོན་པ་ཁག་ཏུ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད་ སྐབས་དེར་ཀ་སྦུག་གཡུ་ལོ་བཀོད་པའི་རྒན་གསོ་ཁང་ནང་སེར་སྐྱ་མང་ཚོགས་མཉམ་མཛོམས་ཀྱིས་བདེན་ཚིག་སྨོན་ལམ་འུར་འདོན་དང་སྦྲགས་ མྱ་ངན་གྱི་ངག་བཅད་སྐར་མ་གཅིག་རིང་བྱས་ཤིང་ མར་མེའི་ཁྲོམ་སྐོར་ཀྱི་ལས་འགུལ་འདིའི་ནང་ ཀ་སྦུག་ཐར་པ་ཆོས་གླིང་དང་ སྲས་རྒྱུད་དགོན་པ་ ཟེ་དཀར་དགོན་པ་བཅས་ཀྱི་དགེ་འདུན་པ་དང་ སེམས་ཤུགས་ལྡན་པའི་མང་ཚོགས་དོན་གཉེར་བ་རྣམས་མཉམ་ཞུགས་བྱས་ནས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་དང་ ཁོང་གི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་མྱ་ངན་ཞུས་ཡོད་པ་རེད།།