བཙན་བྱོལ་བོད་མིས་མང་གཙོའི་དུས་ཆེན་ལ་སྲུང་བརྩི།
2009.09.03
༄༅༎བཙན་བྱོལ་བོད་མི་ཚོས་ཁ་ས་ཚེས་གཉིས་ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་ཡོད་འདུག ཁ་ས་ཕྱི་ཟླ་དགུ་པའི་ཚེས་གཉིས་ཉི་མོ་འདི་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཉི་མོ་ཡིན་པ་ལྟར་བཞུགས་སྒར་རྡ་རམ་ས་ལས་གཙོས་བཙན་བྱོལ་བོད་མིའི་འདུ་སྡོད་གང་སར་ཉི་མོ་འདི་བཞིན་མང་གཙོའི་ལམ་ལུགས་ཀྱི་ཐོག་བགྲོ་གླེང་དང་དེ་བཞིན་བཙན་བྱོལ་བོད་མིའི་ལོ་ལྔ་བཅུའི་རིང་གི་གནས་སྟངས་སོགས་ངོ་སྤྲོད་བྱས་པའི་ལམ་ནས་སྲུང་བརྩི་ཞུས་ཡོད་པ་རེད། ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཁ་ས་ཚེས་གཉིས་ཉིན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་བཤད་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་འཚམས་འདྲི་གནང་བ་དང་རྒྱ་གར་གཞུང་དང་མི་མང༌དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག ཡང་བཀའ་བློན་ཁྲི་པ་མཆོག་གིས་ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ཁུལ་ཆིབས་བསྒྱུར་གནང་རྒྱུ་དེ་ནི་ཁུལ་དེར་ཆར་རླུང་གི་གོད་ཆགས་ཕོག་པ་རྣམས་ལ་ཐུགས་ཀྱི་སྦྱིན་རླབས་གནང་རྒྱུ་ཙམ་དུ་མ་ཟད་དེས་རང་བཞིན་གྱི་ཐའེ་ལྦན་དང་རྒྱ་ནག་མཚོ་ཁ་གཉིས་དབར་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་ཐོག་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པའི་སྐོར་གསུངས་འདུག ཁ་སའི་མཛད་སྒོའི་ཐོག་ཕེ་རན་སིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་ཀྱང་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དེ་དག་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་མ་ཟད་ཁོང་རྣམས་ཀྱི་སྐུ་ཚབ་མཆོག་ནས་གསུངས་བཤད་གནང་བའི་ནང་རྒྱ་གར་གཞུང་ནས་བོད་མི་ཚོར་མི་ལོ་ལྔ་བཅུའི་རིང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཕེ་རན་སིའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འདྲ་མཚུངས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུའི་སྐོར་ཡང་གསུངས་ཡོད་འདུག དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་རྣམས་ནས་ཐོག་མར་མང་གཙོའི་ལམ་ལུགས་ལྟར་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་འགོ་བཙུགས་པ་དང་དེ་ནས་རིམ་པས་ཕྱི་ལོ་༡༩༩༠འི་ནང་ནས་བཟུང་བཅའ་ཁྲིམས་གཏན་འབེབས་གནང་བ་དེ་ནས་ཕྱི་ལོ་ཉིས་སྟོང་གཅིག་ལོ་ནས་བཟུང་བཀའ་བློན་ཁྲི་པའི་འོས་འདེམས་བྱེད་རྒྱུ་སོགས་བརྒྱུད་རིམ་ཁག་མང་གཙོའི་ལམ་སྲོལ་དང་ལྡན་པའི་ཐོག་ནས་ལོངས་སུ་སྤྱོད་རྒྱུ་བྱུང་བ་ལྟར་ད་ཆ་ལོ་གཉིས་རྗེས་བཀའ་བློན་ཁྲི་པ་གསར་འདེམས་ཞུ་རྒྱུའི་ཐོག་ད་ལྟ་ནས་ཐུགས་སྣང་དང་འགན་བཞེས་དགོས་ལུགས་སོགས་གསུངས་བཤད་གནང་ནས་མཛད་སྒོ་མཇུག་བསྒྲིལ་ཡོད་པ་རེད།