ཡོ་རོབ་ཁུལ་གྱི་བོད་མི་ཚོས་གསུམ་བཅུའི་དུས་དྲན་གཞི་རྒྱ་ཆེན་མོའི་ངང་ནས་སྲུང་བརྩི་ཞུ་རྒྱུ།
2018.02.13

ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་ཚོས་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༩་དེ་བཞིན་གཞི་རྒྱ་ཆེན་པོའི་ངང་ནས་སྲུང་བརྩི་ཞུ་འཆར་ཡོད་པར་བརྟེན། དུས་དྲན་སྲུང་བརྩིའི་ལས་འགུལ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་མཉམ་ཞུགས་ཡོང་བའི་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་མཉམ་འབྲེལ་གྱི་ཐོག་ནས་འབོད་སྐུ་ཞུས་ཡོད་པ་རེད།།
དེ་ཡང་སུད་སིའི་གྲོང་ཁྱེར་རྫུ་རེ་ནང་ལ་ཡོ་རོབ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་མཉམ་འཛོམས་ཀྱི་ཐོག་ནས་འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༩་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་པ་དང་། དེའི་རྗེས་སུ་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་མཉམ་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༩་པ་དེ་གཞི་རྒྱ་ཆེ་པོའི་ངང་ནས་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་དེའི་ཐོག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཐེངས་འདིའི་གསལ་བསྒྲགས་དེའི་ཐོག་ལ་ཡོ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་གསུང་ན། ཐེངས་འདི་གསུམ་བཅུ་དུས་དྲན་ཐེངས་༥༩་པ་དེ་གལ་ཆེ་དོན་ཆེ་ཞིག་ཡིན་པ་དང་དེའི་ནང་ལ་བོད་མི་གང་མང་མཉམ་ཞུགས་ཡོངས་བའི་འབོད་སྐུལ་དང་ལྷག་པར་དུ་ཕ་མ་རྣམ་པས་ཐུགས་འགན་བཞེས་ནས་བོད་རིགས་ན་གཞོན་གང་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ཁོང་གིས་མུ་མཐུད་ནས་གསུངས་ན་ལས་འགུལ་དེའི་ནང་ལ་མཉམ་ཞུགས་བྱ་རྒྱུ་ནི་ང་ཚོ་བོད་མི་ཚང་མ་ལ་འགན་ཡོད། ད་ཐེངས་ཀྱི་ལས་འགུལ་དེའི་ཐོག་ལ་སུད་སིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཨ་མ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ཡོང་གི་ཡོད་རེད། ལྷག་པར་དུ་ང་ཚོ་བོད་མིར་དཀའ་ངལ་འཕྲད་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་དོན་ཚན་༣༠་ཐམ་པ་གསུངས་པའི་ནང་ནས་ང་ཚོ་བོད་མི་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་དེ་ཞུ་གཏུགས་དང་། དེ་བཞིན་བོད་རྒྱ་གཉིས་ཀྱི་བཀའ་མོལ་གནང་རྒྱུའི་དཀའ་ངལ་སེལ་ཐབས་ཀྱི་ལས་འགན་དེ་ང་ཚོ་ཕྱི་བསྡོད་བོད་མི་རྣམས་ལ་ཡོད་དུས། ཐེངས་འདིའི་གསུམ་བཅུའི་དུས་དྲན་ཐེངས་༥༩་པ་དེའི་ཐོག་ལ་བོད་མི་གང་མང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད༎
གསར་འགོད་པ་བློ་བཟང་ཆོས་འཕེལ།