བོད་མིའི་དམིགས་བསལ་ཚོགས་ཆེན་’འགོ་འཛུགས་གནང་རྒྱུ།

བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཚོགས་ཞུགས་གནང་བར་ས་ཕྱོགས་ཁག་ནས་བོད་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱེད་བཞིན་ཡོད་པ།

2008.11.16

༄༅༎བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཚོགས་ཞུགས་གནང་བར་དེ་རིང་ས་ཕྱོགས་ཁག་ནས་བོད་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱེད་བཞིན་ཡོད་པ་དང་ཚོགས་ཆེན་དེའི་ཐོག་ལ་བར་ལམ་ཕྱི་ཟླ་གསུམ་པ་ནས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་དེ་དང་རྒྱལ་སྤྱིའི་གནས་བབ། ལྷག་པར་དུ་ད་ལྟའི་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ཐད་མི་དམངས་ཀྱི་བསམ་ཚུལ་ཇི་ཡིན་གོ་བསྡུར་སྦྱངས་བཤད་བྱ་རྒྱུ་ཡིན་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བཞིན་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་བྱ་དགོས་པའི་བཀའ་སློབ་ཕེབས་པ་བཞིན་རེས་གཟའ་ཟླ་བ་ནས་དངོས་སུ་དབུ་བཙུགས་གནང་གི་ཡོད་པ་དང་རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དམིགས་བསལ་ཚོགས་ཆེན་དེའི་དམིགས་ཡུལ་དང་ཚོགས་དགོས་པའི་དགོས་པ་རྒྱུ་མཚན་སྐོར་ལ་བོད་ཕྱི་ནང་གཉིས་སུ་གནས་པའི་གཞིས་བྱེས་བོད་མི་ཚོར་གསུང་འཕྲིན་ཞིག་ཀྱང་བསྩལ་ཏེ་ཕྱི་ལོ་༢༠༠༢ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་བ་ནས་བཟུང་ད་བར་ཐེངས་བརྒྱད་འབྲེལ་མོལ་བྱས་ཡོད་ཀྱང་བོད་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་དང་རྒྱ་ནག་མི་དམངས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལའང་འགྱུར་བ་གང་ཡང་ཕྱིན་མེད་པའི་སྐོར་དང་ལྷག་པར་དུ་འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མཚམས་འཇོག་བྱ་རྒྱུའི་དགོངས་གཞི་ཡོད་ཀྱང་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གི་གཞི་རྒྱ་ཆེ་བའི་བོད་མིའི་རྔམ་སྟོན་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཚད་མེད་བྱས་པའི་སྐབས་རྒྱ་ནག་འགོ་ཁྲིད་ལ་དྲག་གནོན་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་ཡང་དོན་འབྲས་གང་ཡང་བྱུང་མེད་པའི་བཀའ་གནང་ཡོད་པ་རེད། དེ་རིང་༸གོང་ས་མཆོག་གི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམ་གཉིས་ནས་གསལ་བསྒྲགས་ཤིག་སྤེལ་གནང་སྟེ་ད་རེས་ཀྱི་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཁོང་རྣམས་ཀྱིས་རྒྱ་ནག་གི་ཐབས་ཕྱོགས་གཅིག་འགྱུར་པུའུ་ཡི་དཔོན་རིགས་ལ་བོད་མི་ཚོའི་མངོན་འདོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འབད་བརྩོན་གནང་གི་ཡོད་པའི་བཀའ་མོལ་ཞུས་ཀྱང་ཁོང་ཚོས་ངོས་ལེན་བྱས་མེད་ཁར་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་དགོས་འདུན་ཁག་ལ་ཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་ཡོད་པའི་སྐོར་གསུངས་ཡོད་པ་དང་༸གོང་ས་མཆོག་ནས་ཀྱང་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་དེ་ནི་འཆར་གཞི་སྒྲིག་པ་ཞིག་མ་ཡིན་ཞིང་དེ་ནི་ད་ལྟའི་དུས་སྐབས་དེར་བོད་མི་རང་ངོས་ནས་བོད་ཀྱི་རྩ་དོན་གྱི་ཆེད་དུ་འགན་འཁུར་ལེན་ཐུབ་པ་དང་གྲ་སྒྲིག་ཡོད་པ་དེ་ནི་དགའ་སྤོབ་སྐྱེས་འོས་པ་ཞིག་རེད་ཅེས་བཀའ་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎