བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ འགྲོ་བཞིན་པ་དང་བསྟུན་རྒྱ་གར་མི་སེར་གྱིས་བོད་མིར་རྒྱབ་སྐྱོར།

2025.03.11
བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༦༦ འགྲོ་བཞིན་པ་དང་བསྟུན་རྒྱ་གར་མི་སེར་གྱིས་བོད་མིར་རྒྱབ་སྐྱོར། རྒྱ་གར་བ་ཌིཀ་ཤིཏ་བྷར་དྭཇ་ལགས་ཀྱིས་ལས་འགུལ་བ་ཚོར་ཆུ་བགོ་འགྲེམས་གནང་བཞིན་པ། ༢༠༢༥།༠༣།༡༠
RFA/ Tenzin Lekmon

འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་བོད་མིའི་སྒེར་ལགས་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་གི་ཡོད་པ་ལྟར། ས་གནས་སོ་སོའི་རྒྱ་གར་ཡུལ་མི་ཁག་གཅིག་ནས་ཀྱང་ལོ་ལྟར། བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་ལམ་བར་དུ་བོད་ཀྱི་རྒྱལ་དར་འཕྱར་བ། ལས་འགུལ་བ་རྣམས་ལ་ཆུ་སྦྱིན་དང་། ཆུ་མངར་མོ་སོགས་བགོ་འགྲེམས་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད།

དེ་ཡང་བཞུགས་སྒར་དུ་ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས། བོད་མི་རྣམས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀ་ཅ་རི་བར་ཞི་བའི་སྐད་འབོད་གནང་གི་ཡོད་པ་ལྟར། རྡ་ཤོད་ཁྲོམ་གཞུང་དུ་རྟེན་གཞི་བྱས་པའི་རྒྱ་གར་བ་ཌིཀ་ཤིཏ་བྷར་དྭཇ་ (Dikshit Bhardwaj) ལགས་ཀྱིས་གཉེར་བཞིན་པའི་ཨེ་ཤིན་པལ་ཛ་ (Asian Plaza Hotels) གསོལ་བགྲོན་ཁང་གིས་ལས་འགུལ་བ་རྣམས་ལ་ལོ་འཆར་ཅན་ཆུ་བགོ་འགྲེམ་གནང་བཞིན་འདུག་པས། དེའི་སྐོར་གསོལ་མགྲོན་ཁང་དེའི་སྦྱིན་བདག་ཌིཀ་ཤིཏ་བྷར་དྭཇ་ལས་ལགས་སུ་བཀའ་འདྲི་ཞུས་པ། ཁོང་གིས་གསུངས་དོན་ལ། “ང་ཆུང་དུས་སྐབས་ནས་ངའི་པཱ་ལགས་ཀྱིས་ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས་གོམ་བགྲོད་གནང་མཁན་གྱི་མི་མང་རྣམས་ལ་ཆུ་བགོ་འགྲེམས་བྱེད་ཀྱི་ཡོད་པར། སྐབས་དེ་དུས་ངའི་སེམས་ནང་ལའང་དོག་སློང་གིས་ངས་ཀྱང་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་ངའི་པཱ་ལགས་ལ་དྲིས་མྱོང་ཡོད། འོན་ཀྱང་དེའི་སྐོར་དམིགས་བསལ་ལན་འདེབས་གང་ཡང་མ་བྱུང་། ལས་གཞི་དེ་ནི་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་ལ་བརྟེན་ནས་བྱས་པ་ཞིག་ཡིན། ངའི་པ་ལགས་ཤྲི་ཝི་ཇེ་བྷར་དྭ་ཇི་ (Sri Vijay Bhardwaj) ལགས་ཀྱིས་ལས་གཞི་དེ་ལྟར་གནང་བར་བརྟེན། ངས་ཀྱང་རྒྱུན་ཁྱོངས་བྱེད་བཞིན་ཡོད།” ཅེས་གསུངས་ཀྱི་འདུག

C0932.MP4.01_10_31_11.Still002.jpg
རྒྱ་གར་བ་ཌིཀ་ཤིཏ་བྷར་དྭཇ་ལགས་ཀྱིས་ཆུ་བགོ་འགྲེམས་གནང་བཞིན་པའི་སྐབས། ༢༠༢༥།༠༣།༡༠ ཉིན།

གཞན་ཡང་ཁོང་གིས། རྒྱ་གར་གཞུང་གིས་བོད་མི་རྣམས་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་གནང་མུས་ཡིན་ལ། ནམ་ཞིག་བོད་ལ་སྐྱིད་པའི་རང་དབང་ཐོབ་པའི་རེ་བ་ཡོད་ཅིང་། རྒྱ་ནག་གཞུང་གིས་ཀྱང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ་གསུང་གི་འདུག དེ་ཡང་ཁོང་གིས་གསུངས་དོན་ལ། “བོད་མི་སུ་ཞིག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཡོད་པའམ་ད་དུང་བོད་ནང་དུ་ལུས་ཡོད་པ་སོགས་གང་ཡང་རུང་། ང་ཚོས་དུས་ནམ་ཡང་ཁོ་ཚོ་ང་ཚོ་དང་མི་འདྲ་བར་ངོས་འཛིན་བྱེད་མྱོང་མེད། གཙོ་ཆེ་ཤོས་ཚང་མ་འགྲོ་བ་མི་གཅིག་གྱུར་དང་ཚང་མའི་ལུས་ནང་གི་ཁྲག་དམར་པོ་གཅིག་མཚུངས་རེད། གལ་ཏེ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་ཀྱི་བྱ་བ་ངན་པ་བྱེད་བཞིན་ཡོད་ཚེ། མ་འོངས་ཁོ་ཚོར་ལས་རྒྱུ་འབྲས་ངན་པ་སྨིན་ངེས་རེད། ང་ཚོས་མཉམ་ཟ་མཉམ་འཐུང་། མཉམ་སྡོད། ཕན་ཚུན་ཚོང་ལས་གཉེར་བ་སོགས་ཀྱིས་བརྒྱུད། སྤུན་མཆེད་ཀྱི་འདུ་ཤེས་ཤིག་ཏུ་གྱུར་ཡོད་པའི་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ངའི་རེ་བ་ལ་ཁྱེད་ཚོར་རང་དབང་ཐོབ་ངེས་ཡིན་ཡང་། དེའི་ཆེད་དུ་ང་ཚོས་འབད་བརྩོན་མང་ཙམ་བྱེད་དགོས་ངེས་རེད།” ཅེས་གསུངས་ཀྱི་འདུག་ལ། “ད་ལྟའི་གསུམ་བཅུའི་དུས་དྲན་གཅིག་པུ་ལ་བལྟས་པ་ཡིན་ན། བོད་མི་རྣམས་ཀྱིས་ལོ་ལྟར་གསུམ་བཅུའི་དུས་དྲན་སྐབས་སྐད་འབོད་ཀྱི་ལས་འགུལ་སོགས་ཀྱི་བརྒྱུད། བོད་ལ་རང་དབང་དགོས་ཡོད་ཅེས་འབོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཤེས་བཞིན་དུ་དེར་སྣང་མེད་ཀྱིས་ཡ་ལན་མི་བྱེད་པ་ནི་དྲང་པོ་མིན། ངས་རྒྱ་ནག་གཞུང་ལ། མི་གཞན་ལ་དག་པ་རྣམས་རང་འཇགས་ཚུར་སྤྲོད་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།” ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱོགས་མཚུངས་རྡ་རམ་ས་གནས་སྡོད་ཡུལ་མི་ཁག་ཅིག་གིས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་། ལྷག་པར་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་པར། མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་སྦྲགས། མགོན་པོ་མཆོག་ས་གགིས་སུ་བཞུགས་པའི་བྱིན་རླབས་ལ་བརྟེན་ནས་རྡ་རམ་ས་ལ་དེ་བཞིན་ཕྱོགས་གང་སྤྱིའི་ཐོག་ནས་ཡར་རྒྱས་ཕྱིན་ཡོད་པ་བརྗོད་ཀྱི་འདུག དེའི་སྐོར་ཌིཀ་ཤིཏ་ལགས་ཀྱིས། ངའི་རེ་བ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠༠ བར་སྐུ་ཚེ་བཞུགས་གནང་མཛད་པའི་རེ་བ་ཡོད། རྒྱུ་མཚན་ནི་༸གོང་ས་མཆོག་ལྟ་བུ་ནི་གང་ཟག་དཀྱུས་མ་ཞིག་མ་ཡིན་པར། ཁོང་ནི་ང་ཚོ་ལ་མཚོན་ན་སངས་རྒྱས་ངོ་མ་ཡིན། ཁོང་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ངའི་པཱ་ལགས་ཚོང་ཁང་ཆུང་ཆུང་ཞིག་གིས་ཚོང་ལས་ཆེན་པོ་གཉེར་མཁན་ཞིག་ཏུ་གྱུར་བ་རེད། དུས་ད་ལྟའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཧི་མ་ཅཱལ་མངའ་སྡེ་དང་རྡ་རམ་ས་ལའི་ས་གནས་ནི། མངའ་སྡེ་བྱེ་བྲག་པ་ཞིག་དང་རྒྱལ་ཁབ་བྱེ་བྲག་པ་ཙམ་ཞིག་ཏུ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་སུ་སྙན་གྲགས་ཅན་ཞིག་ཏུ་གྱུར་ཡོད་ལ། འདིར་ཆོས་ལུགས་དང་རིགས་རུས་འདྲ་མིན་གྱི་མི་རྣམས་ཆོས་མཇལ་དུ་ཕེབས་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག”ཅེས་གསུངས་བྱུང་།

ཡང་རྒྱ་གར་བ་ར་ཀེཤ་ས་དྷུ་ལགས་ཀྱིས།ང་ཚོས་མགོན་པོ་མཆོག་སྐུ་ཁམས་བཟང་པོ་ཡོང་བའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ཁོང་གིས་རྟག་ཏུ་འཛམ་གླིང་ཡོངས་ཀྱི་མི་མང་གི་བདེ་དོན་དང་འཛམ་གླིང་ཞི་བདེའི་ཆེད་དུ་ཕྱག་ལས་གནང་བཞིན་ཡོད་པས། ང་ནི་མགོན་པོ་མཆོག་གི་བཞུགས་གནས་ཡོད་སའི་ས་ཁུལ་དུ་སྡོད་ཀྱི་ཡོད་པས་རང་ཉིད་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ང་ཚོ་ཚང་མའི་མཉམ་དུ་བཞུགས་ཡོད་པས། ང་ཚོས་ཁོང་གི་སྐུ་ཁམས་བཟང་པོའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད།” ཅེས་གསུངས་བྱུང་།

གཞི་རྩའི་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་རྗེས་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ལྷན་རྒྱས་དང་། བོད་མི་ཁྲི་ཚོ་བརྒལ་བ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། སྐབས་དེར་རྒྱ་གར་གཞུང་དམངས་གཉིས་ཀྱིས་མགོན་པོ་མཆོག་དབུས་པའི་བོད་མི་རྣམས་ལ་དགོས་ངེས་རྒྱབ་སྐྱོར་ཕན་གྲོགས་གང་ནུས་ཞུས་ཡོད་ལ། ལྷག་པར་དུ་རྒྱ་གར་གཞུང་གི་རྒྱབ་སྐྱོར་འོག་རྡ་རམ་ས་ལ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་སུ་གཏན་ཁེལ་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱང་ས་གནས་འདི་རུ་བསྐྱར་འཛུགས་གནང་སྟེ། དྷ་རམ་ས་ལ་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལྟེ་གནས་གཙོ་བོར་གྱུར་བ་མ་ཟད། མི་མང་པོས་བཞུགས་སྒར་རྡ་རམ་ས་ལར་ལྷ་ས་ཆུང་བ་ཞེས་ཀྱང་འབོད་ཀྱི་ཡོད་པ་རེད། །

གསར་འགོད་པ། ལོ་ཡག་བཀྲ་ཤིས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎