དམངས་གཙོའི་དུས་དྲན་ཉིན་སྤྱི་འཐུས་ཚོཌ་གཙོའི་གསུང་བཤད།
2010.09.02
༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་༥༠ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འཕྲིན་སྒྲོག་སྦྱང་གནང་པའི་ནང་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ལམ་སྟོན་འོག་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠ཧྲིལ་པོ་འཁོར་བ་དང་མང་ཚོགས་ཀྱི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་དགའ་སྤོབས་འོས་པ་ཞིག་ཡིན་རུང་ཆབས་ཅིག་རྒྱ་ནག་གཞུང་གི་མཁྲེགས་བཟུང་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་དུ་མུ་མཐུད་གནས་དགོས་པ་དེ་ཡིད་སེམས་སྐྱོ་བའི་དུས་སྐབས་ཤིག་ཀྱང་ཡིན་པའི་སྐོར་དྲན་སྐུལ་ཞུས་འདུག་༎
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མང་གཙོ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཕལ་མོ་ཆེའི་ལོ་རྒྱུས་ནང་མང་ཚོགས་ཀྱི་ལུས་སྲོག་གཉིས་ཀའི་ཐོག་ནས་མང་གཙོ་དང་རང་དབང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཡོད་ བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་བྱོལ་དུ་འཁོད་མ་ཐག་དེང་རབས་འཛམ་གླིང་གི་མང་གཙོའི་འགྲོ་ལུགས་དང་བོད་ཀྱི་སྔར་སྲོལ་བཟང་པོ་གཉིས་ཟུང་དུ་འབྲེལ་ཏེ་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་བ་དང་ ༡༩༦༡ལོའི་ཕྱི་ཟླ་༡༠པའི་ཚེས་༡༠ཉིན་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་དངོས་སུ་གསལ་བསྒྲགས་བསྐྱངས་ཞིང་ དེ་ནས་བཟུང་ད་ཕན་བཙན་བྱོལ་བོད་མིའི་དམངས་གཙོ་ལམ་ལུགས་དེ་རིམ་བཞིན་སྲ་བརྟན་འགྲོ་ཕྱོགས་སོགས་དམངས་གཙོ་འཕེལ་རིམ་སྐོར་ངོ་སྤྲོད་གནང་འདུག
ཡང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་སྤྱི་ཚོགས་ནང་མང་ཚོགས་ཀྱི་དམངས་གཙོའི་གོ་རྟོགས་འཕེལ་ཐབས་དང་ ཁེ་དབང་ལོངས་སུ་སྤྱོད་ཐབས་ཆེད་སྤྱི་འཐུས་རྣམ་པ་ཚོས་སོ་སོའི་ཁྱབ་ཁོངས་གཞིས་ཆགས་ཁག་སོགས་ཀྱི་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་མཚོན་པའི་མང་གཙོའི་ལེགས་བྱང་གོང་འཕེལ་གཏོང་བར་འབད་བརྩོན་གནང་དགོས་པ་དང་ལྷག་པར་དུ་གཞི་རིམ་གྱི་མང་གཙོའི་ཁེ་དབང་ མང་ཚོགས་ནས་དངོས་སུ་ལོངས་སྤྱོད་ཆེད་ས་གནས་འཐུས་ཚོགས་ཁག་གི་ལས་དོན་ཚགས་ཚུད་གཏོང་རྒྱུ་གལ་ཆེན་ཡིན་པའི་སྐོར་ནན་སྐུལ་གནང་བཞག་༎