བོད་ཀྱི་དམངས་གཙོའི་དུས་ཆེན་ཐེངས་༥༡་ལ་སྲུང་བརྩི།

བོད་རྒྱལ་ཡོངས་དམངས་གཙོ་དུས་ཆེན་སྲུང་བརྩི་ཞུ་བའི་ཐོག་བཙན་བྱོལ་བོད་མིའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད།

2011.09.02

༄༅༎དེ་རིང་ཕྱི་ཟླ་དགུ་པའི་ཚེས་༢ ཉིན་མོ་དེ་ནི་བོད་རྒྱལ་ཡོངས་དམངས་གཙོ་དུས་ཆེན་ཐེངས་ལྔ་བཅུ་ང་གཅིག་པ་སྲུང་བརྩི་ཞུ་བའི་ཐོག་བཙན་བྱོལ་བོད་མིའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་ནང༌། ཁོང་ནི་བོད་མི་དམངས་ཀྱི་འོས་འདེམས་བྱས་པའི་དམངས་གཙོའི་དབུ་ཁྲིད་ཅིག་ཡིན་པ་དང༌། འོན་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནི་རྒྱ་ནག་གཞུང་གིས་ཐད་ཀར་བསྐོ་བཞག་བྱས་པ་ལས་མི་དམངས་ལ་འོས་འདེམས་བྱེད་པའི་ཐོབ་ཐང་མེད་ལ། ད་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བོད་མིར་བསྐོ་བཞག་བྱེད་མྱོང་རྩ་བ་ནས་མེད་པའི་སྐོར་གསུང་ཡོད་པ་རེད།

དེ་རིང་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༥༡ འཁོར་བའི་དུས་དྲན་ལ་བཙན་བྱོལ་བོད་མིའི་སྲིད་སྐྱོང་པ་བློ་བཟང་སེང་གེ་མཆོག་གིས། ཐོག་མར་བཙན་བྱོལ་བོད་མི་ཡོངས་ལ་འཚམས་འདྲི་གནང་བ་དང༌ཆབས་ཅིག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་ཀྱིས། ད་བར་དུ་འབད་བརྩོན་གནང་བཞིན་པའི་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཏུ་འགྱུར་རྒྱུའི་དགོངས་གཞི་སྒྱུབ་རྒྱུར་ཆོད་སེམས་བརྟན་པོ་ཞུ་རྒྱུ་ཡིན་ཞེས་དང༌། བཀའ་བློན་ཁྲི་པ་ནི་བོད་མི་དམངས་ཀྱི་ཁྲིམས་མཐུན་ངོ་ཚབ་ཡིན་པ་དང༌། བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱེད་པ་ནི་མི་དམངས་ཀྱི་མངོན་འདོད་མཚོན་གྱི་མེད་སྟབས་ཁྲིམས་འགལ་ཡིན་ཞིང༌། ཇི་སྲིད་རྒྱ་ནག་གི་ཕྱོགས་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་རང་དབང་ཁས་ལེན་མ་བྱས་བར་དེ་སྲིད་དུ་རྒྱལ་སྤྱིའི་ནང་རྒྱ་ནག་དེ་གུས་བཀུར་བྱེད་འོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་མི་སྲིད་པ་ཞིག་ཡིན་སྟབས་རྒྱ་ནག་གཞུང་གིས་བོད་མི་རིགས་དང༌། རྒྱ་ནག་མི་དམངས་ཀྱི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་སྐུལ་མ་ཞུ་གི་ཡོད་ཅེས་དང༌། ཡང་ད་ལམ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མ་ཡིན་པར་བོད་མི་ཡོངས་ལ་རྩིས་སྤྲོད་གནང་ཡོད། བོད་མི་ཚོ་རང་གི་རྐང་པའི་ཐོག་ལངས་ནས་འགན་འཁུར་ལེན་ཐུབ་པ་བྱ་རྒྱུའི་དུས་ལ་སླེབས་པར་བརྟེན། ཚང་མས་དམངས་གཙོའི་ལས་རིམ་ནང་མཉམ་ཞུགས་བྱས་ཏེ་འགོ་ཁྲིད་རྣམས་དམངས་གཙོའི་རིང་ལུགས་དང་མཐུན་པ་ཡོང་ཆེད་བཏང་འཛིན་ཐུབ་པ་དགོས་གཤིས། ཕྲན་རང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་འདི་བོད་རྒྱ་ཆེའི་མི་དམངས་ཀྱིས་མི་རབས་གཞོན་པ་ཚོར་ཡིད་ཆེས་བློས་འགེལ་བྱེད་པ་མཚོན་གྱི་ཡོད། དེར་བརྟེན་གཞོན་སྐྱེས་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱ་དགོས་པ་མ་ཟད། ༧གོང་ས་མཆོག་གི་ཐུགས་དགོངས་སྒྲུབ་ཐུབ་པ་བྱེད་དགོས། ད་ལྟའི་དུས་སྐབས་འདི་འཇིཌ་ཞུམ་བྱ་རྒྱུའི་དུས་ཚོད་མ་ཡིན་པར་སེམས་ཤུགས་བསྐྱེད་དགོས་པའི་དུས་ཚོད་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ། བོད་མིའི་ངོས་འཛིན་དང། ཆེ་ཐོངས་གཅེས་འཛིན་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་བྱས་དང་བྱེས་མུས་ཡིན་པའི་གཞིས་བཞུགས་བོད་རིགས་དཔའ་བོ་དཔའ་མོ་ཚོའི་བསམ་དོན་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་ཡིན། ༧གོང་ས་སྐུ་ཕྲེང་༡༣ པ་ཆེན་པོ་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་པ་བྱུང་བ་ལྟར། ང་ཚོས་ཀྱང་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་རི་བོ་ཇོ་མོ་གླང་མ་ལྟར་བརྟན་པོར་བཟུང་ནས། ༧གོང་ས་སྐུ་ཕྲེང་༡༤ པ་བོད་དུ་ཞབས་སོར་འཁོད་ཐུབ་པ་ཡོང་ཆེད། བརྩོན་པ་བསྐྱེད་དགོས་པ་དང༌། གཞིས་ཞུགས་རྒྱལ་ཞེན་སྙིང་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་རྣམ་པ་དང༌། བཙན་བྱོལ་དུ་ཡོད་པ་བོད་མི་མང་ཆེ་བ་བོད་དུ་འགྲོ་མྱོང་མེད་ཀྱང་བོད་ནི་ང་ཚོའི་བླ་སྲོག་ཡིན། ང་ཚོས་ཆོས་དང་ཆོད་སེམས། ལྷག་བསམ་བཅས་གྲོགས་སུ་བསྟེན་ནས། གང་མྱུར་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བ་བྱེད་དགོས། ཆིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་ལྟ་གྲུབ་གཞི་རྩའི་ལམ་སྟོན་བཟུང་ནས། གཞིས་བྱེས་མཉམ་འཛོམས་དང༌། བོད་ནང་རང་དབང་བསྐྱར་གསོ། ༧གོང་ས་མཆོག་གང་མྱུང་བོད་དུ་ཞབས་སོར་

འཁོད་ཐུབ་པ་བཅས་ཡོང་ཐུབ་ངེས་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎