ཨོ་སོ་ཀྲོ་ལི་ཡར་བོད་རྒྱ་མཐུན་སྒྲིག་ཚོགས་པ་ཞིག་གསར་བཙུགས།
2008.07.07
༄༅༎ཨོ་སོ་ཀྲོ་ལི་ཡའི་ནང་གནས་སྡོད་བྱེད་བཞིན་པའི་བོད་རིགས་དང་ རྒྱ་རིགས་དབར་མཐུན་སྒྲིག་གི་ཚོགས་པ་ཞིག་ཁ་ས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གསར་བཙུགས་གནང་ཡོད་པ་རེད་
དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་དུས་བོད་ནང་བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དང་ དེར་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་དོན་རྐྱེན་གྱི་རྗེས་ ༸གོང་ས་མཆོག་ཨོ་སོ་ཀྲོ་ལི་ཡའི་ནང་གཟིགས་བསྐོར་ཕེབས་གནང་མཛད་པའི་སྐབས་སུ་ བོད་མི་དང་རྒྱ་རིགས་མང་ཚོགས་ལ་ མི་རིགས་གཉིས་ཕན་ཚུན་མཉམ་མཐུན་མཉམ་གནས་ཀྱི་ཆེད་མཐུན་འབྲེལ་ཚོགས་པ་དེ་འདྲ་ཡོད་ན་ཡག་པོ་ཡོང་ངེས་ཀྱི་བཀའ་ཕེབས་པ་ལྟར་ ད་རེས་ཨོ་སོ་ཀྲོ་ལི་ཡའི་ནང་ཡོད་པའི་བོད་རིགས་དང་རྒྱ་རིགས་དབར་གྱི་མཐུན་སྒྲིལ་ཚོགས་པ་དེ་གསར་བཙུགས་ཐུབ་པ་ཞིག་ཡིན་འདུག་ལ་
ཚོགས་པ་དེ་གསར་བཙུགས་ཐུབ་པའི་གསལ་བསྒྲགས་དེ་ཁ་ས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ ཨོ་སོ་ཀྲོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད་
དེ་ཡང་མཐུན་སྒྲིལ་ཚོགས་པ་དེར་ཚོགས་གཙོ་གཉིས་ཡོད་པ་དང་ བོད་མིའི་སྐུ་ཚབ་ཀྱི་ཚོགས་གཙོ་དེ་བསྟན་འཛིན་དགའ་ལྡན་ལགས་དང་ རྒྱ་རིགས་ཀྱི་སྐུ་ཚབ་ཚོགས་གཙོ་དེ་ལྕམ་ སྨི་ལིཆ་ ཞུ་བ་ཁོང་ཡིན་འདུག་ལ་ ལྕམ་སྨི་ ཡིས་གསུང་བཤད་ཀྱི་ནང་རྒྱ་ནག་གཞུང་གི་བསམ་ཤེས་མེད་པའི་སྲིད་བྱུས་འོག བོད་ནང་བོད་མིར་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་པའི་ཐད་དགོངས་གསལ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད་