གནམ་གཤིས་འགྱུར་ལྡོག་གིས་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་ཐད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།

2023.03.04
གནམ་གཤིས་འགྱུར་ལྡོག་གིས་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་ཐད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པ།

རྒྱལ་ཁབ་མང་བོའི་ནང་དུ་གཞོན་སྐྱེས་ཚོས་སྣེ་ཁྲིད་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་ལས་འགུལ་སྤེལ་བཞིན་པ་ལྟར་ཕྱི་ཟླ་༣ཚེས་༣ཉིན་རེས་གཟའ་པ་སངས་ཉིན་ཨ་མེ་རི་ཀའི་ནིའུ་ཡོག་གྲོང་ཁྱེར་གྱི་Foley Square འགྲོ་ལམ་འདུས་སྡོད་ནས་ Borough Hall བར་གཞོན་སྐྱེས་སློབ་ཕྲུག་བརྒྱ་ཕྲག་མང་པོས་གོམ་བགྲོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཞིང་། ལས་འགུལ་འདིའི་སྐབས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་། སློབ་ཕྲུག་སོ་སོའི་ལག་ཏུ་འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་སོགས་འཕྱར་ནས་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཚབས་སྐོར་དང་། གནམ་གཤིས་འགྱུར་ལྡོག་ཐད་སྲིད་གཞུང་སོ་སོས་འགན་འཁུར་ལེན་དགོས་པའི་སྐད་འབོད་བྱས་ཤིང་། ལས་འགུལ་འདིའི་ཁྲོད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་པ་ཁག་ཅིག་མཉམ་བཞུགས་བྱས་ནས། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཚབས་སྐོར་དང་། རྒྱ་ནག་དམར་བོའི་གཞུང་གིས་བོད་ཀྱི་ཁོར་ཡུག་ཐད་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་སྐོར་སོགས་ཀྱི་འཕྲེད་དར་འཕྱར་ནས་ལས་འགུལ་འདིའི་ཁྲོད་མཉམ་བཞུགས་བྱས་ཡོད་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་སྨིན་ལེགས་ཀྱིས་བརྗོད་དོན་ལ། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གནས་སྟངས་དེ་ཚབས་ཆེན་ཡིན་པ་དང་། བོད་དེ་འཛམ་གླིང་གི་ཡང་རྩེ་དང་། བོད་ཀྱི་གངས་རི་རྣམས་ནི་འཛམ་གླིང་གི་ཆུའི་འབྱུང་ཁུངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཨེ་ཤེ་ཡའི་མི་གྲངས་དུང་ཕྱུར་གཉིས་བོད་ཀྱི་ཆུ་བོ་རྣམས་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ལ་ཆུ་མཛོད་ཚད་ལས་བརྒལ་བ་བརྒྱབ་ནས་ཁོར་ཡུག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པ་དང་། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚད་གཞི་འཛམ་གླིང་གི་ས་གནས་གཞན་ལས་མྱུར་བ་ཡོད་པའི་སྐོར་བཅས་འགྲེལ་བརྗོད་བྱས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པས་༢༠༡༩ ལོར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གཞོན་སྐྱེས་ཚོས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་ལས་འགུལ་སྐབས་ཀྱང་མཉམ་བཞུགས་བྱས་ནས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་ཐད་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
གསར་འགོད་པ། ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎