རྩོམ་པ་པོ་འོད་ཟེར་ནས་རྒྱ་ནག་གཞུང་ཁྲིམས་སར་སྐྱེལ་འདུག

འོད་ཟེར་ལཌ་ཀྱིས་རྒྱ་ནག་གི་ཕྱི་ཕྱོཌ་སུ་བསྐྱོད་རྒྱུའི་ཐོངས་མཆན་ལག་ཁྱེར་ཞུས་ཀྱང་རྒྱ་ནག་གཞུང་གིས་སྤྲད་མེད་པ་རེད།

2008.07.23

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གནས་བཞུགས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་ལོ་གསུམ་རིང་རྒྱ་ནག་གི་ཕྱི་ཕྱོགས་སུ་བསྐྱོད་རྒྱུའི་ལྦི་ཛ་འམ་ཐོངས་མཆན་ལག་ཁྱེར་ཞུས་ཀྱང་ རྒྱ་ནག་གཞུང་གིས་མ་སྤྲད་པར་བརྟེན་ ཁོང་གིས་རྒྱ་ནག་གཞུང་ཁྲིམས་སར་སྐྱེལ་འདུག

དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱ་ནག་ནང་ནས་གཞུང་གི་སྲིད་ཇུས་ལ་ཆེས་དཀོན་པའི་ངོ་རྒོལ་སྐྱོན་བརྗོད་ཀྱི་རྩོམ་བྲིས་སྤེལ་གནང་མཁན་འོད་ཟེར་ལགས་ཀྱིས་འདས་པའི་ལོ་གསུམ་རིང་རྒྱ་ནག་ནས་ཕྱི་ཕྱོགས་འགྲིམ་འགྲུལ་སླད་དགོས་ངེས་ཀྱི་ཐོངས་མཆན་ལག་ཁྱེར་ཡང་ཡང་ཞུས་ཡོད་ན་ཡང་ ད་ཕན་རྒྱ་ནག་གཞུང་གིས་ཐོངས་མཆན་ལག་ཁྱེར་མུ་མཐུད་བཀག་འགོག་བྱས་པར་བརྟེན་ཁོང་གིས་རྒྱ་ནག་གཞུང་ལ་ཁྲིམས་ཐོག་ནས་གྱོད་གཞི་བཙུགས་པའམ་ཁྲིམས་སར་སྐྱེལ་ཡོད་འདུག འོད་ཟེར་ལགས་ནས་ད་རེས་ཐབས་ལམ་གསར་པ་ཞིག་བརྒྱུད་ནས་འཐབ་རྩོད་གནང་དོན་གཙོ་བོ་ནི་ རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་དམ་བསྒྲགས་དང་བཏང་འཛིན་དམ་པོ་བྱེད་བཞིན་པའི་གནས་སྟངས་འདི་འཛམ་གླིང་མི་མང་གི་དོ་སྣང་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཁྱབ་སྤེལ་འབྱུང་ཐབས་ཡིན་པར་གསུངས་འདུག ཨེ་པི་གསར་ལས་ཁང་གིས་འོད་ཟེར་ལགས་ཀྱིས་རྒྱ་ནག་གཞུང་ལ་ཁྲིམས་ཐོག་ནས་གྱོད་གཞི་བཙུགས་པ་བརྒྱུད་རིམ་ནས་རྒྱལ་ཁ་ཐོབ་པའི་ཐུགས་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ འོད་ཟེར་ལགས་ཀྱིས་ཁོང་ལ་རྒྱལ་ཁ་ཐོབ་པའི་རེ་བ་བྱེད་ཀྱི་མེད་ ཡིན་ནའང་ལས་དོན་ཞིག་མ་བརྩམས་ན་ འཛམ་གླིང་མི་མང་གིས་བོད་ནང་གི་གནས་སྟངས་དང་བོད་མིའི་བདེན་པའི་གནས་ཚུལ་སྐོར་ཤེས་རྟོགས་ཡོང་བའི་གོ་སྐབས་མེད་པ་རེད་ ད་རེས་ཀྱི་གནས་ཚུལ་འདི་ནས་འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་བདེན་མིན་པའི་སྲིད་ཇུས་དང་བལྟ་སྐྱོང་ངན་པའི་སྲིད་ཇུས་སྐོར་སྐད་ཆ་བཤད་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་ལུགས་ལན་འདེབས་གནང་འདུག ཕྱི་ལོ་༢༠༠༥འི་ལོ་ནས་བཟུང་འོད་ཟེར་ལགས་ཀྱིས་ཨེཛ་ནད་གཞི་དང་སྨད་ཚོང་མའི་དཀའ་རྙོག་ འཁོར་ཡུག་ལ་གནོད་སྐྱོན་གྱི་གནད་དོན་དང་དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་རི་ལི་ལྕགས་ལམ་གསར་བཙུགས་བྱས་པའི་རྐྱེན་གྱིས་ རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་གནད་དོན་སོགས་ལ་དྲ་རྒྱའི་སྟེང་སྐྱོན་བརྗོད་ཀྱི་དྲི་རྩོམ་ཇེ་མང་སྤེལ་ཡོད་པ་མ་ཟད་ འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་འགྱུར་བའི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བོད་མིའི་ཞི་རྒོལ་རྒྱ་ཁྱབ་བྱུང་བ་ནས་བཟུང་ བོད་ནང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་གནས་ཚུལ་དྲི་རྩོམ་དང་ཁྱབ་སྤེལ་བསྟུད་མར་གནང་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎