ནོར་ཕྱུག་ལགས་ནས་རང་ལུས་མེར་སྲེག་བཏང་འདུག
2015.03.08

བོད་ཤིང་ལུག་ལོའི་བོད་ཟླ་དང་པོའི་ཚེས་༡༥ སྟེ། ཆོ་འཕྲུལ་དུས་ཆེན་གྱི་མཚན་མོར་བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་ཕྲུ་གུ་གསུམ་གྱི་མ་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་དང་རང་དབང་གི་ཆེད་དུ་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་བ་དང། བཞུགས་སྒར་རྡ་རམ་ས་ལའི་ཀི་རྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་ནང་དུ། ནོར་ཕྱུག་ལགས་ནི་རང་ལོ་༤༧ ཡིན་ཞིང། ཁོང་གིས་ཕྱི་ཚེས་༥་རེས་གཟའ་ཕུར་བུ་དང། བོད་ཟླ་དང་པའི་ཚེས་༡༥ ཆོ་འཕྲུལ་དུས་ཅེན་ཁྱད་པར་ཅན་དེའི་མཚན་མོའི་ཚོུད་༣ དང་ཕྱེད་ཀའི་ཐོག་ལ་རང་ལུས་མེ་སྲེག་བཏང་བ་ཡིན་སྟབས། སྐུ་ཕུང་རྒྱ་མིའི་ལག་ཏུ་ཤོར་མེད་པ་དང། རྒྱ་ནག་གཞུང་གིས་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་པ་དོགས་ནས་ཕྱི་ཚེས་༦ གི་སྔ་དྲོ་ཕ་ཡུལ་གཅིག་པའི་མི་དམངས་ཀྱིས་འཕྲལ་དུ་ཞུགས་འབུལ་བྱས་ཡོད་པ་རེད།
ད་ལྟ་ས་གནས་སུ་ཉེན་རྟོག་པས་དམ་བསྒྲགས་བྱེད་བཞིན་ཡོད་པར་བརྟེན་ནས་ནོར་ཕྱུག་ལགས་ཀྱི་གནས་ཚུལ་སྐོར་གསལ་པོ་ཤེས་རྟོགས་ཐུབ་པར་དཀའ་ངལ་ཡོད་པའི་སྐོར་དང། ད་དུང་ནོར་ཕྱུག་ལགས་ཀྱིས་ད་རེས་རང་ལུས་མེ་སྲེག་བཏང་བ་དེ་ནི། རྔ་བ་རྫོང་ཁོངས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་སྲེག་བཏང་མཁན་མི་གྲངས་གསུམ་ཅུ་སོ་བདུན་བྱུང་ཡོད་པ་མ་ཟད། ཁོང་རྩིས་པའི་རྔ་བ་རྫོང་ཁོང་ནས་བུད་མེད་རང་ལུས་མེ་བསྲེག་བཏང་མཁན་ལྔ་བྱུང་ཡོད་པ་རེད་ཅེས་དང། ནོར་ཕྱུག་ལགས་ནི་རྔ་བ་དྷི་ཕུ་དགོན་གྱི་ལྷ་སྡེ་མ་ནི་སྐྱབས་ཚང་གི་ཕ་ཚེ་བདག་དང། མ་འོད་སྒྲོན་ལགས་ཀྱི་བོུ་ཡིན་པ་དང། ཁོང་གི་བཟའ་ཟླའི་མཚན་ལ་དཔལ་རྩལ་ཞུ་ཡི་ཡོད་པ་ཡིན་ཞིང། ཁོང་གཉིས་ལ་བུ་ཕུན་ཚོགས་དང། བུ་མོ་མང་ག་ བུ་མོ་ཚེ་འཛིན་སྐྱིད་བཅས་ཕྲུ་གུ་བུ་གཅིག་དང་བུ་མོ་གཉིས་བཅས་བུ་ཕྲུག་གསུམ་ཡོད་ལ། ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བཞད་པད་བརྟན་པའི་ཆེད་དུ་དམིགས་ཏེ་ལོ་ཤས་གོང་ནས་དམར་ཟས་རིགས་སྤང་ཡོད་པའི་སྐོར་བཀོད་བཞག།
གསར་འགོད་པ་གཡུ་སྒྲོན།