མཁན་པོ་དགེ་བ་ལགས་རྩད་གཅོད་མཁན་གཅེན་མོ་འདས་གྲོངས་།
2012.03.22
༄༅༎བོད་ཁམས་ཡུལ་ཤུལ་ཁུལ་གྱི་ཁྲི་འདུ་རྗ་སྟོད་ནས་ཡིན་པའི་བེུད་ཅིག་གིས་གར་སོང་ཆ་མེད་དུ་གྱུར་བའི་ཁོ་མོའི་གཅེན་པོ་མཁན་པོ་དགེ་བ་ལགས་གར་ཡོད་རྩད་གཅོད་ཆེད་ས་གནས་ཀྱི་བདེ་འཇགས་ལས་ཁུངས་སུ་བསྐྱོད་འདུག་པ་དང་ དེར་ཁོ་མོ་དྲན་མེད་དུ་གྱེལ་རྗེས་སུ་སྨན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་བཞུགས་སྒར་རྡ་ར་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག་༎
གནས་ཚུལ་ནང་གསལ་ལྟར་ན་ དགུང་གྲངས་༤༤ཕེབས་པའི་ཡུལ་ཤུལ་ཁུལ་གྱི་དགེ་རྒྱས་རྗོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་ ཉེ་སྔོན་ཕྱི་ཟླ་༢པའི་ཚེས་༡༠ཉིན་ རྒྱ་ནག་གི་དོ་དམ་བཀག་ཉར་འོག་ནས་གློད་གྲོལ་བྱུང་རྗེས་ཕྱི་ཟླ་༣པའི་ཚེས་༨ཉིན་ནས་ཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ ཁོང་གར་ཡོད་རྩད་གཅོད་ཆེད་ ཁོང་གི་གཅུང་མོས་ས་གནས་ཀྱི་བདེ་འཇགས་ལས་ཁུངས་སུ་ཐེངས་མང་གནས་ཚུལ་འདྲི་རྩད་དུ་བསྐྱོད་ཀྱང་ བདེ་འཇགས་མི་སྣས་ཁོ་མོར་ཡ་ལན་ཅི་ནས་སྤྲད་མེད་པ་རེད་ ཁ་ས་ཁོ་མོས་བདེ་འཇགས་ལས་ཁུངས་སུ་སླར་ཡང་བསྐྱོད་དེ་དགེ་བ་ལགས་གར་ཡོད་ཀྱི་གནས་ཚུལ་འདྲི་རྩད་བྱ་སྐབས་ བདེ་འཇགས་མི་སྣས་ཡ་ལན་མ་སྤྲད་སྟབས་ ཁོ་མོ་འུ་ཐུག་གིས་་སྐད་ཤུགས་ཆེན་པོའི་ཐོག་ནས་སྐད་ཆ་ཤོད་སྐབས་གློ་བུར་དྲན་མེད་དུ་གྱེལ་འདུག་པ་དང་ དེ་རྗེས་ཉེ་འཁོེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་འདུག དགེ་རྒྱས་རྗོགས་ཆེན་དགོན་པའི་མཁན་པོ་དགེ་བ་ལགས་ཀྱིས་ ས་གནས་ཀྱི་བོད་པའི་ན་གཞོན་ཕྲུ་གུ་ཚོའི་ནང་ཡིག་རྨོངས་ཀྱི་ཚད་གཞི་མཐོ་པོ་ཡོད་པར་ཐུགས་འཚབ་ཆེན་པོ་བཞེས་ཏེ་ཕྲུ་གུ་ཚོར་སློབ་གསོའི་གོ་སྐབས་བསྐྲུན་ཆེད་རྨོངས་་སེལ་ཞེས་པའི་སློབ་གྲ་གསར་འཛུགས་གནང་ཡོད་པ་དང་ སློབ་གྲ་དེའི་ནང་སློབ་ཕྲུག་གྲངས་༨༠༠ཙམ་ཡོད་འདུག འདི་ལོ་ཕྱི་ཟླ་༢པའི་ཚེས་༡༠ཉིན་དགེ་བ་ལགས་དང་ཁོང་གི་ཕྱག་རོགས་སློབ་གྲའི་ལས་བྱེད་པ་ཁག་ཅིག་ནས་ས་གནས་རྒྱ་ནག་གཞུང་གིས་བཀག་སྡོམས་ཀྱི་བཀོད་ཁྱབ་ལ་མ་ལྟོས་པར་ བདེ་ཆེན་ཞིང་གྲུབ་ཅེས་པའི་ས་གནས་ནང་སྙན་གྲགས་ཅན་གྱི་ཆོས་ཕྱོགས་ཀྱི་དུས་ཆེན་ནང་མཉམ་བཞུགས་གནང་པའི་རྐྱེན་ ཁོང་རྣམས་དོ་དམ་འཛིན་བཟུང་བྱས་འདུག་ དེ་རྗེས་སློབ་གྲའི་སློབ་ཕྲུག་བརྒྱ་ཕྲག་མང་པོས་བདེ་འཇགས་ལས་ཁུངས་མདུན་དུ་ཁོང་རྣམ་གློད་གྲོལ་དགོས་པའི་དགོས་འདུན་གྱི་འདུ་འཛོམས་བྱས་པར་བརྟེན་ ཉིན་དེ་རིང་དོ་དམ་བཀག་ཉར་འོག་ནས་གློད་གྲོལ་་བྱུང་ཡོད་པ་རེད་ ཡིན་ནའང་ཕྱི་ཟླ་༣པའི་ཚེས་༨ཉིན་ མཁན་པོ་དགེ་བ་ལགས་དང་ཁོང་གི་ཕྱག་རོགས་མི་གྲངས་༡༣ཞིག་གློ་བུར་གར་སོང་ཆ་མེད་དུ་གྱུར་ཏེ ད་ལྟ་ཡང་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་རེད་ལ་ ས་གནས་བོད་མི་ཚོས་ཁོང་རྣམས་པ་བདེ་འཇགས་མི་སྣས་འཛིན་བཟུང་བྱས་པའི་སྐོར་དོགས་གཞི་ཆེན་པོ་ཡོད་པ་བཅས་གནས་ཚུལ་ནང་གསལ་འདུག་༎