ཐེ་ཝན་རང་བཙན་ཆེད་དུ་སྤེལ་བའི་ངོ་རྒོལ་ལས་འགུལ་དུ་བོད་མི་མཉམ་ཞུགས་གནང་འདུག
2018.10.20

༄༅། །ཐེ་ཝན་རང་བཙན་ཚོགས་པ་དགའ་སྐྱིད་གླིང་ཕྲན་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཁྱུར་མིད་ལ་འགོག་རྒོལ་དང་ཐེ་ཝན་སྲུང་སྐྱོབ་ཅེས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་སྤེལ་ཡོད་པ་དང་། བོད་པའི་ཚོགས་པ་འགའ་ཡང་ལས་འགུལ་ནང་མཉམ་ཞུགས་གནང་འདུག
དེ་ཡང་སྤྱི་ཟླ ༡༠ པའི་ཚེས ༢༠འི་ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ཐེ་ཝན་རང་བཙན་ཚོགས་པ་དགའ་སྐྱིད་གླིང་ཕྲན་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྒྱ་ནག་གུང་ཁྲན་གཞུང་གིས་ཐེ་ཝན་ཁྱུར་མིད་དུ་གཏོང་རྒྱུར་འགོག་རྒོལ་དང་། ཐེ་ཝན་གླིང་ཕྲན་སྲུང་སྐྱོང་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་ཁྲོད་ཐེ་ཝན་གྱི་ཆབ་སྲིད་མི་སྣ་གྲགས་ཅན་མང་པོ་ཞིག་གིས་གཙོས་མི་འབོར་འབུམ་གཅིག་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཐེངས་འདིའི་ལས་འགུལ་གྱི་འབོད་ཚིག་ནི་རྒྱ་ནག་གུང་ཁྲན་གཞུང་གིས་ཐེ་ཝན་ཁྱུར་མིད་གཏོང་རྒྱུར་ངོ་རྒོལ་དང་། ཐེ་ཝན་རང་བཙན་རྒྱལ་ཁབ་གསར་འཛུགས། ཐེ་ཝན་ཞེས་པའི་མིང་ཐོག་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་རྒྱུ་བཅས་ཡིན་པ་རེད།
རེས་གཟའ་སྤེན་པར་སྤེལ་བའི་ལས་འགུལ་དེའི་ནང་ཐེ་ཝན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཚོགས་པ་དང་། ཐེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་བཅས་མཉམ་ཞུགས་གནང་ནས་ཆ་ཤས་བླངས་ཡོད་པ་རེད།
༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་སྐམ་སའི་སྲིད་དབང་བཟུང་རྗེས། ཐེ་ཝན་གླིང་ཕྲན་གྱི་བདག་དབང་རྒྱ་ནག་ལ་ཡོད་པ་བཤད་བཞིན་ཡོད། ༢༠༡༦ལོར་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡིན་ཝིན་ཐེ་ཝན་གྱི་སྲིད་འཛིན་དུ་བདམས་རྗེས། མཚོ་འགག་གཉིས་ཀ་ཀྲུང་གོར་གཏོགས་ཞེས་པའི་བཤད་སྟངས་དེ་ལ་ངོས་ལེན་བྱས་མེད་སྟབས། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་དང་སྟག་ལྷ་རྒྱལ།