ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཐེ་ཝན་གྱི་གཏམ་བཤད་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་འདུག
ཐེ་ཝན་གྱི་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་སོན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་གིས་(Dr. Sun Yat-Sen Memorial Hall)་འདི་ཚེས་༡༦་ཉིན་གོ་སྒྲིག་བྱས་པའི་ཕྱི་ལོ་༢༠༢༡་ལོའི་ཕྱི་རྒྱལ་སློབ་ཕྲུག་གི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་ལ། ཨ་མི་རི་ཀ་དང་། དབྱིན་ཡུལ། ཨོ་སི་ཀྲོ་ལི་ཡ། ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་རྒྱལ་ཁབ་༡༥་ནས་ཁྱོན་འགྲན་ཞུགས་པ་སློབ་ཕྲུག་༣༣་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་ནས་བོད་རིགས་སློབ་ཕྲུག་ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་ཡོད་པ་དང་། ཨང་དང་པོའི་བྱ་དགའ་ཨ་རི་ནས་ཡིན་པའི་སློབ་ཕྲུག་ཞིག་དང་། ཨང་གསུམ་པ་ཉི་ཧོང་གི་སློབ་ཕྲུག་ཅིག་ལ་ཐོབ་པ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་གསལ་ལྟར་ན། འགྲན་བསྡུར་སྐབས་གཏམ་བཤད་ཀྱི་བརྗོད་གཞི་ལ་ཐེ་ཝན་གྱི་ཡ་རབས་བཟང་སྤྱོད་རིག་གཞུང་དང་། སློབ་དེབ་ནང་མི་གསལ་བའི་དར་ཁྱབ་ཆེ་བའི་རྒྱ་སྐད་ཚིག་གསར། གསར་འགྱུར་ལེ་ཚན་ཞིག་ལ་བསམ་ཞིབ། ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ནས་བསླབ་བྱ་ཇི་ལེན། ཁེར་རྐྱང་གནས་པའི་དུས་སུ་སྤྱོད་ཚུལ་སྟོན་སྟངས་བཅས་ཁག་ལྔ་ཡོད་པ་དང་། ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ནས་བསླབ་བྱ་ཇི་ལེན་སྐོར་གཏམ་བཤད་གནང་ཡོད་འདུག
གོང་གི་ཚེ་རིང་མཐར་ཕྱིན་ལགས་ལོ་ན་༡༢་སོན་སྐབས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་བོད་ཁྱིམ་སློབ་གྲྭ་དང་། ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་བཅས་ནས་མཐར་ཕྱིན་རྗེས། ད་ཆ་ཐེ་ཝན་ནང་རྒྱ་ཡིག་སློབ་སྦྱོང་བྱ་མུས་ཡིན་པ་དང་། ཁོང་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། ད་ལྟའི་གནས་བབ་ཁག་རྒྱ་མི་རིགས་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་ཐུབ་པ་བྱེད་པ་ལ་རྒྱ་སྐད་ཤེས་དགོས་པ་ནི་མེད་དང་མི་རུང་བ་ཞིག་ཆགས་ཀྱི་ཡོད་སྟབས་ཁོང་ཐེ་ཝན་དུ་སློབ་སྦྱོང་བྱེད་དུ་ཡོང་བ་བརྗོད་འདུག
སྤྱིར་ད་རེས་ཀྱི་གཏམ་བཤད་འགྲན་བསྡུར་དེ་བཞིན་ཐེ་ཝན་ནང་གི་ཕྱི་རྒྱལ་སློབ་ཕྲུག་ཁྲོད་རྒྱ་ཡིག་ལ་དོ་སྣང་ཆེན་པོ་སླེབས་ཐབས་ཀྱི་ལས་གཞི་ཞིག་ཡིན་འདུག་པ་དང་། ད་བར་ཐེངས་ ༤༩་ཙམ་གོ་སྒྲིག་ཞུས་ཡོད་འདུག
གསར་འགོད་པ། འཇམ་དཔལ་ཕུན་ཚོགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།