བྷན་གཙུག་ལག་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་འཛིན་གྲྭ་མཚམས་འཇོག་བྱས་པར། བོད་མི་རྣམས་ནས་བློ་ཕམ་ཆེན་པོ་གནང་གི་ཡོད་པ།
ཉེ་ལམ་ནས་ཡོ་རོབ་སུད་སི་རྒྱལ་ཁབ་ཀྱི་རྒྱལ་ས་ (Bern) གཙུག་ལག་སློབ་ཆེན་ (University of Bern) དུ། བོད་ཀྱི་སྐད་ཡིག་རིག་གཞུང་དང་ནང་ཆོས་ཀྱི་འཛིན་གྲྭ་ཚུགས་ཏེ་སློབ་འཁྲིད་གནང་བཞིན་པ་མཚམས་འཇོག་གི་གནས་ཚུལ་ཞིག་སུད་སི་རྒྱལ་ཁབ་ཀྱི་གསར་ལམ་ཁག་ཏུ་ཐོན་ཡོད་པར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བྷན་གཙུག་ལག་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་འཁྲིད་གནང་མཁན་(Yannick Laurent) ལགས་སུ་ཡིག་ཐོག་བརྒྱུད་བཀའ་འདྲི་ཞུ་ལན་དུ་ཁོང་གིས། སུད་སི་རྒྱལ་ཁབ་ཀྱི་སྦན་གཙུག་ལག་སློབ་ཆེན་ནས་བོད་དང་སོག་པོའི་སྐད་ཡིག་རིག་གཞུང་ཞིབ་འཇུག་ལས་འཆར་མཚམས་འཇོག་བྱས་པ་བདེན་པ་ཡིན་པ་དང་། ཁོང་རང་གི་སློབ་འཁྲིད་ཀྱི་གན་རྒྱ་འདི་ལོའི་ཟླ་ ༧ པའི་ཟླ་མཇུག་ནས་རྫོགས་ཀྱི་ཡོད་པ་དེ་བཞིན་བསྐྱར་འཇོག་བྱ་རྒྱུར་ལྷག་ཡོད་པས། སོ་སོ་རང་ཉིད་དང་སློབ་ཕྲུག་ཚོ་བཅས་ཚང་མ་ངེས་གཏན་མེད་པའི་གནས་སྟངས་སུ་ཚུད་ལུགས་ལན་འདེབས་གནང་གི་འདུག་ལ། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ནས། བོད་མི་ཞིག་དང་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གནང་བ་ཞིག་གི་ངོས་ནས་གནས་ཚུལ་དེ་ནི་བློ་ཕམ་དགོས་པ་ཞིག་ཡིན་པ་དང་། སྡེ་ཚན་དེ་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་ལ་ཞིབ་ཚགས་ཀྱིས་བརྟག་དཔྱད་དང་། དེའི་རྒྱབ་ལ་རྒྱ་ནག་གི་གནོན་ཤུགས་ཡོད་མེད་དང་རྒྱ་ནག་དང་འབྲེལ་བའི་མ་རྩ་འཇོག་མཁན་ཚོར་འབྲེལ་བ་ཡོད་མེད། ཆབ་སྲིད་དང་འབྲེལ་ནས་སྒོ་བརྒྱབ་པ་ཡིན་མིན་སོགས་ཀྱི་ཐད་བརྩད་གཅོད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
སུད་སིའི་བྷན་ (Bern) གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ (Yannick Laurent) ལགས་ནས། སློབ་ཆེན་གྱི་མགྲིན་ཚབ་པས་རྒྱ་ཆེ་ས་ནས་བོད་སོག་གཉིས་ཀར་ཞིབ་འཇུག་གི་གལ་གནད་ངོས་འཛིན་གནང་མ་ཐུབ་པར། བོད་སོག་གི་སྐད་ཡིག་རིག་གཞུང་སློབ་ཁྲིད་མཚམས་འཇོག་གནང་དོན་ནི། སློབ་ཕྲུག་ཇེ་ཉུང་དུ་ཕྱིན་པ་ཙམ་མ་གཏོགས་རྒྱུ་མཚན་གཞན་ཁ་གསལ་བཤད་མེད་ཀྱང་། བྷན་སློབ་ཆེན་གྱི་གསལ་བསྒྲགས་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཞིག་ཡིན་ནའང་། ང་དང་ངའི་ཕྱག་སྦྲེལ་ཚོས་སུད་སིའི་ནང་གི་བོད་སོག་གཉིས་ཀྱི་སྤྱི་ཚོགས་ནས་རྒྱབ་སྐྱོར་དང་གཞན་ཕན་ལྷག་བསམ་ཅན་གྱི་ཐེབས་རྩ་ཁག་གི་རོགས་སྐྱོར་ལ་བརྟེན་ནས། སུད་སིའི་ནང་གི་ཤེས་ཡོན་སྡེ་ཁག་ཏུ་འཛིན་གྲྭ་འདི་དག་བསྐྱར་གསོ་གནང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་ལན་འདེབས་གནང་གི་འདུག
རྒྱ་གར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་དང་བོད་རིག་པ་བ་བྱམས་པ་བསམ་གཏན་ལགས་ནས་ཀྱང་། སྡེ་ཚན་དེ་སྒོ་བརྒྱབ་པར་དཔལ་འབྱོར་གྱི་རྒྱུ་མཚན་སོགས་མང་པོ་ཡོད་སྲིད་པ་དང་། སྡེ་ཚན་དེ་ཚོ་བརྒྱུད་ནས་བོད་དང་བོད་མི་ཟེར་བ་ངོ་ཤེས་ནས་སེམས་ནང་རང་བཞིན་གྱིས་བོད་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་ཚོར་དང་ཞེན་ཆགས་ཡོད་པ་ཞིག་ཏུ་འགྱུར་བའི་སློབ་སྦྱོང་གནང་ས་ཞིག་མེད་པར་གྱུར་པ་དེ་ཕངས་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
སུད་སི་རྒྱལ་ཁབ་དང་ (Liechtenstein) མངའ་ཁུལ་གྱི་བོད་རིགས་ཚོགས་པའི་ཚོགས་གཙོ་དགེ་འདུན་རྒྱ་མཚོ་ལགས་ནས། ཁོང་ཚོ་བོད་རིགས་ཚོགས་པའི་ངོས་ནས་ཞིབ་འཇུག་སློབ་གཉེར་གྱི་ལས་འཆར་འདི་དག་མཚམས་འཇོག་བྱས་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་དུ་མཐོང་གི་ཡོད་པ་དང་། ལྷག་པར་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་འཁྲིད་གློ་བུར་མེད་པར་བཟོས་པ་དེས། རྒྱ་ནག་གཞུང་གིས་བརྒྱུད་ནས་གནོན་ཤུགས་སྤྲོད་བཞིན་པའི་རྣམ་པ་དང་དོགས་གཞི་ཡོད་པར་འགྲེལ་བརྗོད་གནང་བྱུང་།
རྩ་བའི་སུད་སིའི་གཙུག་ལག་སློབ་ཆེན་ཁག་ལྔ་ཡི་ནང་ཆོས་ལུགས་སློབ་སྦྱོང་དང་ཞིབ་འཇུག་གི་སྡེ་ཚན་བཙུགས་ཡོད་པ་ལས། བྷན་གཙུག་ལག་སློབ་ཆེན་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང་ནང་ཆོས་སློབ་གཉེར་གྱི་སྡེ་ཚན་ལྡན་པའི་གཙུག་ལག་སློབ་ཆེན་ཁོ་ན་དེ་ཆགས་ཡོད་པར་བརྟེན། འདས་པའི་ལོ་བཅུ་ཕྲག་འགའི་རིང་ལོ་རེ་ལ་སློབ་ཕྲུག་ལྔ་ནས་བཅུ་བར་དང་། བདུན་ཕྲག་རེ་ལ་ཆུ་ཚོད་བཅུའི་རིང་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཀྱི་འཛིན་གྲྭ་འཚོག་བཞིན་པ་མཚམས་འཇོག་གནང་གི་ཡོད་ནའང་། རྒྱ་གར་ནས་བརྒྱུད་པའི་བོད་ཀྱི་ནང་ཆོས་ཐོག་སློབ་འཁྲིད་ཀྱི་འཛིན་གྲྭ་མུ་མཐུད་དུ་འགྲོ་འཆར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།