བཞུགས་སྒར་དུ་བོད་པའི་སློབ་ཕྲུག་གིས་ཞི་བའི་འདུ་འཛོམས་།
2012.06.04
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་བཀའ་ཁྲིད་ཉིན་གསུམ་རིང་གནང་བའི་ཉིན་མཐའ་མར་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་སྩལ་གནང་མཛད་རྗེས། སློབ་གྲྭ་དང་མཐོ་སློབ་ཀྱི་སློབ་མ་བརྒྱ་ཕྲག་འགའ་ཤས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་ཞི་བའི་འདུ་འཛོམས་ཆེན་པོ་ཞིག་གནང་འདུག།
སུ་ཇ་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚོས་སློབ་ཕྲུག་གི་འདུ་ཚོགས་དེ་སྣེ་འཁྲིད་གནང་ཡོད་ཅིང༌། སློབ་གྲྭ་དེའི་སློབ་ཕྲུག་༡༦༠ཙམ་གྱིས་བོད་ནང་དཀའ་སྡུག་མྱང་དང་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ ཉིན་ཤས་གོང་མགོ་བོའི་སྐྲ་བཞར་ནས་ཆུ་ཚོད་༡༢རིང་བཟས་བཅད་གནང་ཡོད་པ་རེད།
གཞི་རྒྱ་ཆེ་བའི་འདུ་ཚོགས་དེ་གནང་བའི་རྗེས་སུ་སློབ་ཕྲུག་ཚོས་གཙུག་ལག་ཁང་མདུན་མཚན་གང་ཞལ་འདོན་གནང་འདུག། སློབ་ཕྲུག་གི་་འགོ་ཁྲིད་ཚེ་དབང་མཐར་ལགས་ཀྱིས་ ས་ག་ཟླ་བའི་ཚེས་༡༥དང་སྟབས་བསྟུན་བོད་མིའི་རང་དབང་འཐབ་རྩོད་ནང་རང་སྲོག་ཤོར་བའི་བོད་རིགས་སྤུན་ཟླ་ཚོའི་ཆེད་དུ་གསོལ་འདེབས་སྨོན་ལམ་ཞུ་ཕྱིར་མཚན་སྐྱོང་དེ་གོ་སྒྲིག་ཞུས་པ་ཡིན་ཞེས་ཕ་ཡུལ་གསར་ལམ་ལ་འགྲེལ་བརྗོད་གནང་བཞག།
བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཕལ་ཆེ་བ་བོད་ནས་ཕྱིས་སུ་འབྱོར་བ་ཤ་ཏག་ཡིན་པ་དང༌། གོང་ཞུས་ལས་འགུལ་དེ་ཚོ་སློབ་གྲྭའི་དབྱར་ཁའི་གུང་སེང་དང་སྟབས་བསྟུན་སློབ་ཕྲུག་རང་ཉིད་ནས་མ་སྐུལ་དང་བླང་གི་སྒོ་ནས་གོ་སྒྲིག་གནང་བ་ཞིག་རེད་འདུག།
དེ་ཚོའི་ནང་སློབ་ཕྲུག་འགའ་ཤས་ཉེ་དུས་བོད་ནང་སྐུ་ལུས་མེར་སྲེག་བཏང་གནང་མཁན་དང་སྤུན་ཉེ་འགྲོ་གི་ཡོད་པ་རེད། ལོ་༡༤ཡིན་པའི་སློབ་བུ་རིན་འཛིན་གྱི་པ་ལགས་རྒྱ་མིས་འཛིན་བཟུང་བྱས་ནས་ད་ཆ་གར་ཡོད་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། བུ་རིན་འཛིན་ལ་པ་ལགས་ཀྱི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད་པ་རེད།