བལ་ཡུལ་དུ་གཞོན་ནུ་ལྷན་ཚོགས་ཀྱི་རི་མོའི་འགྲེམས་སྟོན།
2008.06.02
༄༅༎བལ་ཡུལ་གྱི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་ས་ཀ་ཐ་མན་གྲུའི་ནང་རི་མོའི་སྒྱུ་རྩལ་ཐོག་ཉེ་དུས་བོད་ནང་བྱུང་བའི་བོད་མིའི་ཞི་བའི་ངོ་རྒོལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་གནད་དོན་སྐོར་རི་མོའི་སྒྱུ་རྩལ་གྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་ཡོད་པ་རེད་
རི་མོའི་སྒྱུ་རྩལ་གྱི་བརྗོད་གཞི་དེ་བོད་པའི་བུ་ཕྲུག་རྣམས་ཀྱི་བོད་ཐོག་འབོད་སྒྲ་ཞེས་མིང་བཏགས་གནང་ཡོད་ཅིང་དེ་བལ་ཡུལ་མཆོད་རྟེན་གྱི་བསམ་གཏན་གླིང་དགོན་པར་གོ་སྒྲིག་གནང་ཡོད་པ་རེད་ རི་མོའི་སྒྱུ་རྩལ་གྱི་འདུ་ཚོགས་དེར་རྒྱལ་ས་ཀ་ཐ་མན་གྲུའི་ནང་ཡོད་པའི་སྲོང་བཙན་དང་རྣམ་རྒྱལ་ ཨ་ཏི་ཤ་སློབ་གྲ་སོགས་པའི་སློབ་ཕྲུག་༥༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད་ བོད་པའི་སློབ་ཕྲུག་རྣམས་ཀྱི་རི་མོའི་ནང་དགེ་འདུན་པ་དང་བཙུན་མ་ ཕོ་བྲང་པོ་ཏཱ་ལ་དང་བོད་ཀྱི་རྒྱལ་དར་སོགས་བྲིས་གནང་བ་དང་བརྗོད་ཚིག་ནང་བོད་ལ་རང་དབང་དགོས་ བོད་མི་གསོད་རྒྱུ་མཚམས་འཇོག་བྱེད་ཅེས་བརྗོད་ཚིག་འཁོད་ཡོད་པ་རེད་ བོད་པའི་ཕྲུ་གུ་ཞིག་གིས་རི་མོ་བྲིས་པའི་ནང་དགེ་འདུན་པ་ཞིག་ཤིང་སྡོང་ཞིག་གི་འོག་སྒོམ་བསྐྱོན་བཞིན་པ་དང་དགེ་འདུན་པ་དེས་བོད་ལ་རང་དབང་དགོས་པའི་སྨོན་འདུན་གནང་ཞིང་ འང་ཁུ་ཞིག་གིས་རྒྱ་མིའི་དར་ཆ་འཁྱེར་བཞིན་པ་དང་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་སྐོར་བྲིས་གནང་ཡོད་པ་རེད་ ཡང་བུ་མོ་ཞིག་གིས་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་བོད་མིའི་ཞི་བའི་མི་མང་ཐོག་མེ་མདའ་རྒྱབ་པ་ཞིག་བྲིས་གནང་ཡོད་པ་རེད་ ཡང་གནས་ཚུལ་ནང་ཐོན་གསལ་ལ་གཞིགས་ན་ བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་ཉེ་ལམ་བོད་ནང་རྒྱ་གཞུང་གིས་བོད་མི་མང་པོ་དམར་གསོད་དང་སྟོང་ཕྲག་མང་པོ་བཙོན་བཅུག་དང་དྲག་གནོན་བྱས་པ་དེར་ངོ་རྒོལ་གྱི་ལས་འགུལ་དེ་རེས་གཟའ་ཟླ་བ་ཉིན་བསྐྱར་གསོ་གནང་གི་ཡོད་སྐོར་གསུང་འདུག