བོད་མིས་རང་བསྲེག་ཐད་ཡོ་རོབ་མཐུན་ཚོགས་ཀྱིས་ཐུགས་འཚབ།
2012.05.25
༄༅༎ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་བོད་མིས་རང་ལུས་མེར་སྲེག་གི་གནད་དོན་ཐོག་ཐུགས་འཚབ་ཡོད་པ་གསུང་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ ཆེས་མཐོའི་སྐུ་ཚབ་ལྕམ་ཁེ་ཊ་མཆོག་ལ་ཉེ་ལམ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་ཡུ་རོབ་མཐུན་ཚོགས་ངོས་ནས་གང་ཞིག་གནང་ཡོད་མེད་ཀྱི་ཡིག་ཐོག་དྲི་བ་ཞིག་ཕུལ་བར་ ཁོང་གིས་ཕྱི་ཚེས་༢༢ཉིན་གནད་དོན་དེའི་ཐོག་ཡོངས་ཁྱབ་ལན་འདེབས་གནང་བའི་ནང་ གནད་དོན་དེར་ང་ཚོར་སེམས་འཚབ་ཆེན་པོ་ཡོད་པར་བརྟེན་ དེའི་ཐད་སྔ་ལོའི་ཕྱི་ཟླ་༡༢པའི་ཚེས་༩ཉིན་རྒྱ་ནག་ཏུ་ཕེབས་པའི་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ལ་ཉེ་ཆར་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་གནད་དོན་དང་ ལྷག་པར་ཀིརྟི་དགོན་པར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་མུས་ཡིན་པའི་ཐོག་ཡུ་རོབ་མཐུན་ཚོགས་ལ་སེམས་འཚབ་ཆེན་པོ་ཡོད་པ་གསལ་སྟོན་གནང་ཡོད་པ་དང་ དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཚོར་བོད་མི་རང་ལུས་མེར་སྲེག་གི་གནད་དོན་སྤྱི་དང་ ཡང་སྒོས་ས་གནས་ཀྱི་འཛུགས་སྐྲུན་ནང་དོན་དམ་གྱི་བོད་མི་མཉམ་ཞུགས་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་པ་དེ་དག་གི་རྩ་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་རྟོགས་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་གསུང་འདུག ད་དུང་ལྕམ་ཁེ་ཊ་མཆོག་ནས་སྔ་ལོ་ཕྱི་ཟླ་༡༢པའི་ཚེས་༡༢ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲུའུ་འོད་ཇུན་བར་སེལ་ས་རུ་འབྱོར་སྐབས་ བོད་ནང་གི་གནད་དོན་ཐོག་ལ་ཡུ་རོབ་མཐུན་ཚོགས་ལ་སེམས་འཚབ་ཡོད་པའི་སྐོར་གསལ་སྟོན་བྱས་པ་ཡིན་ལ་ རྒྱ་ནག་གཞུང་གིས་བོད་དོན་དཀའ་ངལ་སེལ་ཆེད་བོད་ཀྱི་༧སྐྱབས་མགོན་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་འབོད་སྐུལ་དང་བོད་མི་གནས་སྡོད་ས་གནས་ཁག་ཏུ་རྟོག་ཞིབ་ཏུ་བསྐྱོད་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་ ད་བར་རྒྱ་ནག་གཞུང་ནས་ཁས་ལེན་བྱས་མ་བྱུང་ཞེས་གསུང་འདུག