བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དཀའ་ངལ་ཆེ་ཤོས་ནི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པ་དེ་ཡིན་པ་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱིས་འབོད་སྐུལ་ཞུས་པ་བཞིན། ཉེ་ཆར་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་དཔལ་ཁང་ཉི་མ་དོན་གྲུབ་ལགས་ཕྱི་ཟླ་ ༧ ཚེས་ ༡༥ ནས་ ༢༧ བར་རྒྱ་གར་བྱང་ཕྱོགས་ཨུཏྲ་ཁནཌི་ (Uttrakhand) ཀྱི་རྒྱལ་ས་ལྡེ་ར་ལྡུན་ (Dehradun) ཁུལ་དུ་ཡོད་པའི་བོད་པའི་སློབ་གྲྭ་ཆེ་ཁག་བརྒྱད་ཙམ་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ལས་དོན་ཇི་སྤེལ་གྱི་ཐད་གཟིགས་ཞིབ་ཀྱི་ཆེད། སློབ་གྲྭ་སོ་སོའི་འཛིན་ཁང་དུ་དགེ་རྒན་གྱི་སློབ་ཁྲིད་གནང་ཕྱོགས་དང་། དེ་བཞིན་སློབ་གྲྭའི་དཔེ་མཛོད་དང་ཉལ་ཁང་། ཚན་རིག་བརྟག་དཔྱད་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད་པ་མ་ཟད། དགེ་རྒན་དང་། སློབ་ཕྲུག དེ་བཞིན་སློབ་གྲྭའི་འགན་འཛིན་དང་ཕ་མ་ཚོའི་ལྷན་དུ་གྲོས་བསྡུར་དང་བཅར་འདྲི་སོགས་གནང་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་དཔལ་ཁང་ཉི་མ་དོན་གྲུབ་ལགས་སུ། ད་རེས་ཀྱི་བོད་པའི་སློབ་གྲྭ་ཁག་གི་ནང་གཟིགས་སྐོར་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། སྤྱི་ཡོངས་ཀྱི་ཆ་ནས་ཁུལ་དེའི་ནང་གི་བོད་པའི་སློབ་གྲྭ་ཁག་གི་མཐུན་རྐྱེན་དང་། ལྷག་པར་དུ་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་སོགས་ཡག་ཐག་ཆོད་ཡོད་ན་ཡང་། བཙན་བྱོལ་བོད་མིའི་སློབ་གྲྭ་དེ་དག་ནང་གི་གཞི་རིམ་འོག་མའི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་ནི་ད་ལྟའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གི་དམ་དྲག་གིས་རྐྱེན་པས་བོད་ནང་ནས་སློབ་ཕྲུག་ཡོང་མཁན་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་བཙན་བྱོལ་ནང་གི་བོད་མིའི་མི་འབོར་མར་ཆགས་པ་སོགས་ལ་བརྟེན་ནས་ཡིན་པ་གསུངས་བྱུང་།
ཁོང་གིས་དཀའ་ངལ་དེ་དག་སེལ་ཐབས་ལ་ཐབས་ལམ་དམིགས་བསལ་ཞིག་མེད་ན་ཡང་འཛིན་སྐྱོང་གི་ངོས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་ཕན་ཡོན་སོགས་ཀྱི་སྐོར་ཕྲུ་གུའི་ཕ་མ་ཚོར་གོ་རྟོགས་མང་ཙམ་སྤེལ་དགོས་པ་མ་ཟད། བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་སྤུས་ཚད་ཐད་ཡར་རྒྱས་བཏང་པ་ཡིན་ན་སློབ་གྲྭ་ཁག་ནང་ཕྲུ་གུ་འཛུལ་ཞུགས་བྱེད་མཁན་ཡང་མང་དུ་འགྲོ་ངེས་ཡིན་པ་དང་། ལྷག་པར་དུ་སྔོན་མ་དང་བསྡུར་ན་དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་མཐུན་རྐྱེན་ཡང་སྒེར་གྱི་སློབ་གྲྭ་ཁག་ནང་བཞིན་ཡོད་པ་དང་། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུག་གྲུབ་འབྲས་ཡང་རྩེ་ཕུད་ཐོན་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།
ཁོང་གིས་མུ་མཐུད་གསུངས་ན། ཡར་རྒྱས་ལ་མཐའ་མེད་ཞེས་པའི་དཔེ་ལྟར། དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་ནང་ཡིག་རྒྱུག་གི་གྲུབ་འབྲས་ཡག་པོ་ཐོན་གྱི་ཡོད་པ་བཞིན་སློབ་ཕྲུག་ཚོའི་ངོས་ནས་ཀྱང་སོ་སོའི་མ་འོངས་དམིགས་ཡུལ་མཐོ་ཙམ་བཟུང་ནས་རིགས་གཅིག་རྐང་འཛིན་གྱི་ཐོག་ཤུགས་གནོན་རྒྱག་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་།
ད་རེས་ཀྱི་བོད་པའི་སློབ་གྲྭ་ཁག་གི་གཟིགས་སྐོར་སྐབས་ཁོང་གིས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དུ་ཡོད་པའི་སེ་ལ་ཀུའི་(Selakui) བོད་ཁྱིམ་སློབ་གྲྭ་དང་། སེ་ལ་ཀུའི་བོད་ཁྱིམ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་། ཧར་སྦཊ་པུར་སམ་བྷོ་ཊ་སློབ་གྲྭ། བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ། མ་སུ་རུ་བོད་ཁྱིམ། མ་སུ་རི་སམ་བྷོ་ཊ་སློབ་གྲྭ། གྷོ་རི་མ་ཕཱི་བོད་ཁྱིམ་སློབ་གྲྭ རཇི་པུར་བོད་ཁྱིམ་སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད་འདུག
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་དེ་བཞིན་བཙན་བྱོལ་ནང་ཆེད་ལས་མི་སྣ་དང་། བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན། ཤེས་ཡོན་དང་འབྲེལ་བའི་ལས་བྱེད་ཁག་ཅིག་ལས་གྲུབ་པའི་མཁས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་དེའི་ལས་དོན་གཙོ་བོ་ནི་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་ཐོག་ལམ་སྟོན་གནང་རྒྱུ་དང་ལོ་ལྟར་བོད་མིའི་སློབ་གྲྭ་ཁག་ལ་ལྟ་སྐོར་གྱི་ཚུལ་དུ་ཉམས་ཞིབ་དང་རྟོག་ཞིབ་གནང་རྒྱུ་བཅས་ཡིན་པ་རེད།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།