བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་ནང་བོད་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག

2021.09.15
བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་གི་ནང་བོད་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག བཙན་བྱོལ་བོད་ཀྱི་སློབ་གྲྭ་བོད་ཕྲུག་ཁྱིམ་སྡེ། ༢༠༡༨
AP

འདས་པའི་མི་ལོ་བཅུ་ཙམ་རིང་བཙན་བྱོལ་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་བོད་ཕྲུག་གི་གྲངས་འབོར་བརྒྱ་ཆ་ལྔ་བཅུ་ལྷག་ཉུང་དུ་སོང་ཡོད་འདུག
རྒྱ་གར་དབུས་ཤེས་རིག་ལྷན་ཁང་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ལྷག་མ་རྣམས་བོད་མིའི་སྒྲིག་འཛུགས་ནས་རྩིས་ལེན་བྱེད་རྒྱུའི་ཐག་གཅོད་དངོས་སུ་གནང་བར་བཞིན། ཉེ་ལམ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་གཏན་འཇགས་སློབ་གྲྭ་ཁག་དྲུག་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་གཟིགས་ཞིབ་གནང་སྐབས། ཌལ་ཧོ་སི་གཏན་སློབ་ནང་ད་ཆ་སློབ་ཕྲུག་༢༢་ཡོད་པའི་ནང་བོད་ཕྲུག་གཅིག་ཀྱང་མེད་པ་དང་། ཧར་པལ་སྤུར་གཏན་སློབ་ཏུ་སློབ་ཕྲུག་༤༧༡་ཡོད་པའི་ནང་བོད་ཕྲུག་༦༠་ལས་མེད་པ། དེ་བཞིན་མ་སུ་རི་གཏན་སློབ་ནང་སློབ་ཕྲུག་༤༩༥་ཡོད་པའི་ཁྲོད་བོད་ཕྲུག་༢༨་ལས་མེད་པ་སོགས་ད་ལྟའི་ཆར་སློབ་གྲྭ་ཁག་དེ་དག་གི་ནང་ཆ་སྙོམས་བོད་ཕྲུག་བརྒྱ་ཆ་༡༠་དང་རྒྱ་གར་སློབ་ཕྲུག་གི་བརྒྱ་ཆ་༩༠་ཆགས་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
ཕྱོགས་གཞན་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ནང་། ད་ཡོད་རྒྱ་གར་སློབ་ཕྲུག་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་ལྟ་སྐྱོང་གནང་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་ནས་གསུངས་ཡོད་པ་རེད།
ད་ལྟའི་ཀ་ལིམ་པོང་གཏན་སློབ་ཀྱི་སློབ་སྤྱི་སྐུ་ཞབས་(Prakash Gaur)་ལགས་ཀྱིས་གསུངས་ན། སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་བླངས་ཚར་བའི་རྗེས། འབྲེལ་ཡོད་རྒྱ་གར་དགེ་ལས་ཚོ་རྒྱ་གར་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་(Kendriya Vidyalaya)་དང་། (Navodaya Vidyalaya)་སློབ་གྲྭ། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་མཐུན་ཚོགས་(NCERT)་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)་བཅས་ཀྱི་ནང་འཛུལ་ཞུགས་བྱེད་ཆོག་པའི་གདམ་ག་སྤྲོད་ཀྱི་ཡོད་པ་རེད།
ཀ་ལིམ་པོང་གཏན་སློབ་ཀྱི་གཞི་རིམ་འོག་མའི་ནང་མི་ལོ་༡༩་རིང་སློབ་ཁྲིད་གནང་མྱོང་མཁན་མིང་འབོད་གནང་འདོད་མེད་པའི་དགེ་རྒན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་གཞུང་ཕྱོགས་ནས་ཐག་གཅོད་གང་གནང་པ་དེར་ངོས་ལེན་ཞུ་རྒྱུ་ཡིན་ལ། ང་རང་དེ་སྔ་ས་ཁུལ་གཞན་ཞིག་ནས་ས་གནས་འདིར་བཏང་གནང་སོང་། མ་འོངས་པར་ས་གནས་ག་པར་བཏང་བ་ཡིན་ནའང་མུ་མཐུད་དུ་ལས་ཀ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཀ་ལིམ་པོང་གི་གཏན་སློབ་ཀྱི་དགེ་རྒན་(Vishwajeet)་ལགས་ཀྱིས། སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ནས་རྩིས་བླངས་ན་ང་ཚོར་གནས་སྐབས་དཀའ་ངལ་རིགས་འཕྲད་སྲིད་པ་ཞིག་རེད། འོན་ཀྱང་། སློབ་གྲྭ་རྩིས་བླངས་ན་སློབ་ཕྲུག་ཚོར་ཕན་ཐོག་ཡོང་ངེས་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེའེ་རུ་གཉིས་ནས། རྒྱ་གར་ནང་བོད་པའི་སློབ་གྲྭ་ཟུར་བཙུགས་གནང་དགོས་པའི་ཐུགས་རེ་བཅངས་པ་བཞིན། ཐོག་མར་༡༩༦༠་ལོར་མ་སུ་རི་གཏན་སློབ་འགོ་འཛུགས་གནང་སྟེ། སྐབས་དེ་དུས་སློབ་གྲྭ་དེའི་ནང་བོད་ཕྲུག་༥༠་ཡོད་འདུག་པ་དང་། རིམ་པས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་དེ་དག་གསར་འཛུགས་གནང་ཡོད་པ་རེད། སྤྱིར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལེན་བྱེད་རྒྱུའི་ལས་འཆར་དེ་ནི། དེ་སྔོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་སྐབས་སུ་ཐོག་མར་འགོ་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། སློབ་གྲྭ་དེ་དག་གཙོ་བོ་བོད་མི་རང་གི་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བོད་ཕྲུག་ཚོའི་ཤེས་ཡོན་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལེན་བྱེད་རྒྱུ་ཡིན་པ་རྒྱ་གར་གཞུང་ལ་དེ་སྔ་རེ་སྐུལ་ཞུས་པ་ཞིག་ཡིན་འདུག
དེ་དང་ཕྱོགས་མཚུངས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་ཚུད་པའི་མ་སུ་རི་བོད་ཁྱིམ་དང་། བོད་ཕྲུག་ཁྱིམ་སྡེ་སོགས་སློབ་གྲྭ་ཁག་ནང་ལོ་རེ་ཆ་སྙོམས་ཀྱི་བོད་ཕྲུག་༡༠༠༠་ཙམ་ཉུང་དུ་འགྲོ་བཞིན་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་ལ། ༢༠༡༢་ནས་༢༠༢༡་བར་འདས་པའི་མི་ལོ་༩་ཡི་ནང་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཕྲུག་༡༠༠༠༠་ཙམ་ཉུང་དུ་སོང་ཡོད་པ་དེ་བརྒྱ་ཆར་སྐོར་བ་ཡིན་ན། བོད་ཕྲུག་བརྒྱ་ཆ་༥༠་ལྷག་ཉུང་དུ་སོང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ནས་དེ་སྔོན་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་༥༥་རྩིས་ལེན་ཟིན་ཡོད་པ་དང་། ད་རེས་ལྷག་མ་སློབ་གྲྭ་ཆེ་ཁག་དྲུག་རྩིས་ལེན་གནང་གི་ཡོད་པ་བཅས་སྔ་ཕྱིར་བསྡོམས་པའི་སློབ་གྲྭ་ཁག་༦༡་རྩིས་ལེན་གནང་གི་ཡོད་པ་རེད།
ད་རེས་བོད་སློབ་འཛིན་ཚོགས་ནས་རྩིས་སྤྲོད་གནང་གཏན་འཁེལ་བའི་སློབ་གྲྭ་ལྷག་མ་དྲུག་ནི། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སམ་བྷོ་ཊའི་ཁོངས་སུ་རྩིས་ལེན་གནང་རྒྱུ་ཡིན་འདུག་ཅིང་། བོད་མིའི་གཞིས་སྒར་ཆེ་ཤོས་ཤིག་སྟེ་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོབ་ནང་ཆགས་པའི་སམ་བྷོ་ཌ་སློབ་གྲྭ་ལྟ་བུའི་ནང་འདས་པའི་ལོ་ལྔའི་ནང་སློབ་མའི་གྲངས་ཚད་ལ་དེ་ཙམ་གྱི་འགྱུར་བ་ཕྱིན་མེད་པ་སློབ་གྲྭ་དེ་ཉིད་ཀྱི་སློབ་སྤྱིའི་ལས་ཚབ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
རིང་མིན་སམ་བྷོ་ཊ་དང་བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་འབྲེལ་ཡོད་དགེ་འཛིན་རྣམ་པ་དང་ལྷན་དུ། འབྱུང་འགྱུར་སློབ་གྲྭ་ཟླ་སྒྲིལ་གཏོང་ཕྱོགས་དང་འབྲེལ་བའི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་ཤིང་། དེ་སྔོན་ཁོང་རྒྱ་གར་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་པའི་སྐབས་རྒྱ་གར་གཞུང་གི་ངོས་ནས་མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་མཐུན་འགྱུར་རོགས་རམ་དང་འགྲོ་མགྲོན་གཏོང་ཕྱོགས་སོགས་ཀྱི་ཐད་དགོངས་པ་རྒྱ་ཆེར་བཞེས་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎