བོད་ནང་གི་ཤེས་ཡོན་པ་ཚོར་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་རང་མོས་ངང་འཆད་ཁྲིད་རིགས་གཏན་ནས་བྱེད་བཅུག་གི་མེད་འདུག

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོར་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ཤེས་ཡོན་པ་དང་ཆོགས་ལུགས་དཔེ་ཁྲིད་མཁན། སློབ་གྲྭ་ཁག་ཏུ་མཁས་པ་གདན་ཞུ་བྱས་ཏེ་མི་སྒེར་བས་འཆད་ཁྲིད་རིགས་ལ་བཀག་བསྡོམས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དེ་སྔ་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཤེས་ཡོན་པ་དང་ཆོས་པ་ཚོས་འཆད་ཁྲིད་རིགས་ཤུགས་ཆེར་དར་བཞིན་ཡོད་ཀྱང་། དེང་སང་བོད་རྔ་བ་དང་མཚོ་སྔོན་། དེ་བཞིན་གསེར་རྟ་ཕྱོགས་སུ་ཤེས་ཡོན་པ་དང་མཁས་པ་ཚོར་འཆད་ཁྲིད་རིགས་ཀྱི་བྱེད་སྒོ་གང་ཡང་སྤེལ་བཅུག་གི་མེད་པར་དམ་དྲག་ཆེན་པོ་ཡོད་སྐོར། བོད་ནང་གི་ཤེས་ཡོན་པ་ཁག་ཅིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྔར་ལོ་རྒྱ་ནག་གཞུང་འབྲེལ་གྱིས་གཏན་འབེབ་བྱས་པའི་འཆད་ཁྲིད་དང་ཆོས་ལུགས་དར་སྤེལ་མི་ཆོག་པའི་ཁྲིམས་ལུགས་ལག་བསྟར་ཟེར་བའི་ནང་། འཆད་ཁྲིད་སོགས་ཀྱི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་གོང་བཀུར་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པ་དང་ཁ་བྲལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་བཅས་ཀྱི་ལྟ་གྲུབ་རྣམས་ཁྱབ་སྤེལ་བྱེད་མི་ཆོག་པ་བཀོད་ཡོད་པ་རེད་ལ། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གཅིག་ནས། དེང་སྐབས་དེ་སྔ་ལྟ་བུ་འཆད་ཁྲིད་རིགས་གོ་ཐོས་གང་ཡང་མེད་པ་ཆགས་ཡོད་པ་མ་ཟད། སྤྱིར་དེང་སང་ཤེས་ཡོན་པ་ཚོར་དམིགས་བསལ་དམ་དྲག་ཡོད་པས། ཉེ་བའི་ལོ་ཤས་དང་བསྡུར་ན་དྲ་ལམ་ཁག་ཏུ་རིག་གནས་དང་ལོ་རྒྱུས་བགྲོ་གླེང་སོགས་ནས་ཇེ་ཉུང་ནས་ཇེ་སྡུག་ཏུ་སོང་ཡོད་པ་དང་། དེ་དག་ཚང་མ་ཐུག་ས་གཙོ་བོ་སྲིད་གཞུང་གི་ལག་འཆང་ཡོང་གི་ཡོད་པས་ཡིན་སྐོར་བརྗོད་བྱུང་།
ཡང་གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་ཡིག་ཐོག་བརྒྱུད། དེང་སྐབས་བོད་སྐད་ཡིག་གི་གནས་སྟངས་ཉིན་རེ་བཞིན་ཉམ་ཞན་དུ་འགྲོ་བཞིན་པའི་ཁར། སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཤེས་ཡོན་པ་ཚོས་གང་བསམ་གྱིས་འཆད་ཁྲིད་བྱེད་དབང་མེད་པ་མ་ཟད། དེ་སྔ་འཆད་ཁྲིད་རིགས་ལ་བོད་ཁུལ་ཡོངས་ནས་གདན་ཞུ་ཤུགས་ཆེར་གནང་བཞིན་པ་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུ་བཙོན་མཇུག་དང་། དེ་བཞིན་གནས་སྟངས་རྐྱེན་གྱིས་མིང་འབོད་མ་བྱས་པའི་བོད་ནང་གི་རྩོམ་པ་པོ་དང་ནང་བསྟན་ཤེས་ཡོན་པ་མང་པོ་ཞིག་ལ་འདུ་འཛོམས་རིགས་དང་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་འཆད་ཁྲིད་བྱས་མི་ཆོག་པའི་དམ་དྲག་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག། བོད་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་སྟེང་། ཞི་ཅིན་ཕིན་ནས་ཆོས་ལུགས་རྒྱ་ནག་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་དང་མཐུན་དགོས་སྐོར་གྱི་གཏམ་བཤད་བྱས་པ་ནས། བོད་ནང་གི་ཤེས་ཡོན་པ་ཚོར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཡང་འབྲེལ་ཡོད་བོད་མི་ཞིག་ནས་དེང་སང་ཉན་འདོད་མཁན་གྱི་སློབ་མ་ཡོད་ཀྱང་ཉན་དབང་མེད་པ་དང་། སློབ་གྲྭ་ཡོངས་སུ་བོད་ཕྲུག་ཚོ་ཟོག་ལུག་བཤས་རར་ཕབ་ཕབ་བྱས་ཏེ་མགོ་ནང་ལ་ག་རེ་ལྡུག་མིན་གྱི་རང་དབང་དེ་ཕ་མ་དང་དགེ་རྒན་ལ་མེད་པ་ཆགས་ཡོད་སྐོར་བོད་ནང་གི་སློབ་ཕྲུག་གི་ཁྱིམ་བདག་ཅིག་ནས་འགྲེལ་བརྗོད་གནང་བྱུང་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་སྤྱིར་ཤེས་ཡོན་པར་དམ་དྲག་དེ་རྒྱ་ནག་ཁྱོན་ནང་ཤུགས་ཆེར་ཡོད་ན་ཡང་། སྔར་ལོ་ནས་བཟུང་དངོས་སུ་འཆད་ཁྲིད་དང་རྩོམ་བྲིས་རང་དབང་བཀག་བསྡོམས་རིགས་བོད་ནང་དམ་དྲག་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དེ་བོད་ནང་གི་སློབ་གྲྭ་ཁག་ཏུ་སློབ་ཚན་མང་ཆེ་བ་རྒྱ་ཡིག་ནང་བསྒྱུར་ཡོད་པ་མ་ཟད། ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་གཞི་ཞེས་པའི་འོག། བོད་ནང་གི་དགོན་སྡེ་སློབ་གྲྭ་ཁག་ཏུ་རྒྱནག་གི་གཞུང་འབྲེལ་ཆབ་སྲིད་སློབ་གསོ་སྤེལ་བ་དང་། བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོར་དམ་དྲག་དང་། ཕྱི་ལོ་༢༠༢༠ལོ་ནས་བཟུང་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་མང་པོ་གང་བྱུང་འཛིན་བཟུང་དང་བཀག་སྐྱིལ། བཙོན་མཇུག་ཁྲིམས་ཐག་གཅོད་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་གི་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།