མཚོ་སྔོན་ཕྱོགས་སུ་བོད་ཆབ་སྲིད་བཙོན་པ་ཁག་ཅིག་གི་ནང་མིར་དུས་ཡུན་རིང་བོར་ཐུག་འཕྲད་བྱེད་རྒྱུ་བཀག་ཏེ་བཙོན་པ་ཚོའི་གནས་སྟངས་ཤེས་རྟོག་མེད་འདུག

2021.12.23
མཚོ་སྔོན་ཕྱོགས་སུ་བོད་ཆབ་སྲིད་བཙོན་པ་ཁག་ཅིག་གི་ནང་མིར་དུས་ཡུན་རིང་བོར་ཐུག་འཕྲད་བྱེད་རྒྱུ་བཀག་ཏེ་བཙོན་པ་ཚོའི་གནས་སྟངས་ཤེས་རྟོག་མེད་འདུག
Representation image/ Reuters

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་དང་བསྟུན། རྒྱ་ནག་གིས་བཅད་བགོས་བྱས་པའི་བོད་ནང་མཚོ་སྔོན་དང་སི་ཁྲོན་ཕྱོགས་ནས་ཆབ་སྲིད་བཙོན་པ་ཚོའི་ནང་མིར་ཏོག་དབྱིབས་རིམས་ལ་ཁག་བཞག་སྟེ། བཙོན་ཁང་དུ་ནང་མིར་ཐུག་འཕྲད་དང་ཟས་གོས་དང་སྨན་སོགས་མཁོ་སྤྲོད་བྱེད་བཅུག་གི་མེད་པ་མ་ཟད། རྒྱ་ནག་ཁྲིན་ཏུའུ་མན་ཡྰང་བཙོན་ཁང་དང་མི་ཉག་གཡག་རྔ་བཙོན་ཁང་སོགས་ནང་ད་བར་ཏོག་དབྱིབས་རིམས་ནད་ཐོན་ཡོད་པའི་གནས་ཚུལ་རིགས་སོགས་བྱུང་མེད་ན་ཡང་། ནང་མི་ཚོར་རིམས་ནད་རྐྱེན་གྱིས་ཐུག་འཕྲད་བྱེད་མི་ཆོག་སྐོར་བརྗོད་ནས་ལོ་གཅིག་ལྷག་ནང་བཙོན་མ་དང་ནང་མའི་བར་ཐག་རིང་ཐུང་གང་དུ་ཡང་ཐུག་འཕྲད་བྱེད་བཅུག་གི་མེད་སྐོར། བོད་ནང་གི་ཆབ་སྲིད་བཙོན་པ་གཉིས་ཀྱི་ནང་མིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པའི་ནང་མི་ནས་མུ་མཐུད་བརྗོད་དོན་ལ། ཁོང་ཚོའི་ནང་མི་ཡིན་པའི་ཆབ་སྲིད་བཙོན་པ་ཁོང་ཕྱི་ལོ་༢༠༢༠ལོར་འཛིན་བཟུང་གིས་བཙོན་མཇུག་བྱས་ཡོད་པ་དང་། ད་བར་སྔ་ཕྱི་མང་པོར་ཐུག་འཕྲད་དང་ཟས་གོས་མཁོ་སྤྲོད་བྱེད་ཆོག་པའི་རེ་སྐུལ་བྱས་ཀྱང་། ས་གནས་ཉེན་རྟོག་པ་ཚོས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཉེན་ཁ་ཡོད་སྐོར་བརྗོད་ནས་ཐུག་འཕྲད་བྱེད་བཅུག་མ་སོང་ལ།འདི་ལོའི་དབྱར་གནང་སྐབས་ས་གནས་དེ་ཕྱོགས་སུ་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་གཅིག་ཀྱང་མེད་སྐབས། ཐག་རིང་ཙམ་ནས་ཕན་ཚུན་མཐོང་ཐུབ་པའི་ངོ་ཐུག་བྱེད་ཆོག་པའི་རེ་བ་བྱས་ཀྱང་ངོས་ལེན་བྱས་མེད་པས། ད་ལྟ་ཁོང་གི་གནས་སྟངས་ལ་གསལ་ཁ་གང་ཡང་མེད་པར་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བ་ལྟར་ན། སྤྱིར་རྒྱ་ནག་གི་བཙོན་ཁང་ཁག་ཏུ་ནང་མིར་ཐུག་འཕྲད་སོགས་བྱེད་སྐབས། བཙོན་པ་མང་ཆེ་ཤོས་ནང་མིར་དངོས་སུ་ཐུག་འཕྲད་བྱེད་མི་བཅུག་པར་ཕན་ཚུན་བར་དུ་ཤེལ་ཡོད་པའི་ཁང་པ་ཞིག་ཏུ་བཅུག་སྟེ། ཁ་པར་ལམ་ནས་ཕན་ཚུན་ཁ་བརྡ་བྱེད་བཅུག་བཞིན་ཡོད་པ་དང་། དེ་བཞིན་ཅ་དངོས་སོགས་སྔོན་ལ་བཙོན་ཁང་གིས་ཞིབ་བཤེར་མ་བྱས་པར་བཙོན་མར་ཁ་ཐུག་གིས་སྤྲད་བཅུག་གི་མེད་ན་ཡང་། འདས་པའི་ལོ་གཉིས་ཙམ་ཡང་ཏོག་དབྱིབས་རིམས་ནད་ལ་ཉེན་ཁ་ཡོད་སྐོར་བརྗོད་ནས་ཐག་རིང་ཙམ་ནས་ཐུག་འཕྲད་སོགས་བྱེད་བཅུག་གི་མེད་པ་རེད་འདུག་ལ། ད་ལྟའི་ཆར་འདི་ག་རླུང་འཕྲིན་ཁང་ནས་ཆབ་སྲིད་བཙོན་པ་གཉིས་ཀྱི་ནང་མི་བརྒྱུད་ནས་ཤེས་རྟོག་བྱུང་བ་ལས། དེ་མིན་གྱི་བཙོན་ཁང་གཞན་དང་ས་གནས་གཞན་ནང་གནས་སྟངས་དེ་འདྲ་གཞན་བྱུང་ཡོད་མེད་ཤེས་རྟོག་བྱུང་ཐུབ་མ་སོང་ཀྱང་མུ་མཐུད་རྩད་གཅོད་བྱ་ཐབས་བྱེད་བཞིན་ཡོད།

ཡང་གཡག་རྔ་རྫོང་བཙོན་ཁང་དུ་ཡོད་པའི་འབྲེལ་ཡོད་ཆབ་སྲིད་བཙོན་པའི་ནང་མི་ནས། ཏོག་དབྱིབས་རིམས་ནད་ཁྱབ་པ་ནས་ས་ཁུལ་མང་པོའི་ནང་བཙོན་པ་ཚོར་ནང་མི་ཐུག་འཕྲད་བྱེད་མི་བཅུག་པའི་དཀའ་ངལ་ཤུགས་ཆེར་ཡོང་གི་ཡོད་པ་དང་། ཁོང་ཚོའི་ཆབ་སྲིད་བཙོན་པ་ཁོང་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༥ནང་འཛིན་བཟུང་གིས། མི་ཉག་གཡག་རྔ་རྫོང་བཙོན་ཁང་ནས་ལོ་༤དང་ཟླ་༦གི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་འཛིན་བཟུང་གིས་བཙོན་མཇུག་ཁྲིམས་ཐག་བཅད་རྗེས་ནང་མི་ཚོར་ཐེངས་གཅིག་ལ་ཐུག་འཕྲད་བྱེད་བཅུག་ཡོད་ན་ཡང་། ད་ལྟའི་ཆར་རིམས་ནད་ཀྱི་ཉེན་ཁ་ཡོད་སྐོར་བརྗོད་ནས་ཐུག་འཕྲད་དང་སྨན་སོགས་སྤྲོད་མ་བཅུག་པར་ལོ་གཅིག་དང་ཕྱེད་ཙམ་འགྲོ་བཞིན་ཡོད་པ་དང་། ནང་མི་ཚོས་ཆབ་སྲིད་བཙོན་པ་ཁོང་གི་གནས་སྟངས་ཐད་སེམས་འཁྲལ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་། ཁོ་ཚོ་མང་པོ་ཞིག་ཀློད་གྲོལ་རྗེས་ད་དུང་སྲིད་གཞུང་གི་ཁ་པར་སོགས་ལམ་ནས་ལྟ་རྟོག་འོག་བཞག་སྟེ། རྗེས་འདེད་གཏོང་བ་དང་ཉེན་རྟོག་ཁང་དུ་འབོད་འགུག་གིས་འདྲི་རྩད་གཏོང་བ་སོགས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎