བོད་དུ་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱི་སྐོར་།
2012.04.04
༄༅།།བོད་མི་ཆབ་སྲིད་ཀྱི་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱི་སྐུ་གཟུགས་ཀྱི་གནས་བབ་ཛ་དྲག་ཅན་དུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
དུས་ཡུན་ལོ་ངོ་ ༡༥ བཙོན་བཅུག་ཁྲིམས་བཅད་བཏང་བའི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་ལྷ་སའི་བྱང་ཕྱོགས་གྲྭ་བཞི་བཙོན་ཁང་ནང་གློ་བུར་ཛ་དྲག་གི་ནད་མནར་བྱུང་སྟེ་ཟླ་བ་སྔོན་མའི་ནང་ལྷ་ས་གྲོང་ཁྱེར་སྤྱི་བདེ་སྨན་ཁང་དུ་ཛ་དྲག་སྨན་བཅོས་བྱེད་པར་སྤོ་སྐྱེལ་བྱས་ཡོད་འདུག། ཡེ་ཤེས་ཆོས་སྒྲོན་ལགས་ནི་རང་ལོ་ ༥༧ ཙམ་དུ་སོན་གྱི་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང༌། ཁོང་ནི་ཕྱི་ལུགས་སྨན་པ་ཞིང་ཡིན་སྨན་ཁང་གི་ལས་ཀ་ནས་རྒས་ཡོལ་དུ་ཕེབས་རྗེས་ལྷ་སའི་ར་མོ་ཆེ་ས་ཁུལ་དུ་བཞུགས་ཡོད་འདུག།
ཁོང་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་གློ་བུར་རང་ཁྱིམ་ནས་འཛིན་བཟུང་བྱས་པ་དང༌། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གསང་གནས་དང༌། གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་དུས་ཡུན་ལོ་ངོ་ ༡༥ བཙོན་འཇུག་བྱ་རྒྱུ་དང་། ཆབ་སྲིད་དབང་ཆ་ལོ་ ༥ འཕྲོག་རྒྱུའི་ཁྲིམས་ཐག་བཅད་དེ་ལྷ་སར་ཡོད་པའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
ཡེ་ཤེས་ཆོས་སྒྲོན་ལགས་ཐོག་མར་ཕྱི་ལོ་ ༢༠༠༨ ལོར་འཛིན་བཟུང་བྱས་རྗེས་ཉེན་རྟོག་པས་འདྲི་ཞིབ་བྱས་སྐབས་ཚ་འདྲི་ཤུགས་ཆེ་བྱས་པ་དང༌། བཙོན་འཇུག་རྗེས་ཟས་བཅུད་དང་འཕྲོད་བསྟེན་སོགས་གང་སར་དཀའ་ངལ་ཤུགས་ཆེ་འཕྲད་ཡོད་འདུག་པར་མ་ཟད། སྤུན་མཆེད་དང་ནང་མི་ཐུག་འཕྲད་ཐད་ལའང་བཙོན་པ་གཞན་དང་མི་འདྲ་བར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། ད་ལྟའི་ཆར་སྨན་ཁང་དུ་ལག་འདྲུད་འཁོར་ལོའི་སྟེང་བསྡད་དེ་མི་གཞན་གྱིས་བསྐྱོར་ནས་འགྲོ་དགོས་པ་ཆགས་ཏེ། གཟུགས་བབས་གནས་སྟངས་ཛ་དྲག་ཅན་དུ་གྱུར་ནས་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་ཀྱང༌། ཕྱི་ཕྱོགས་ནས་མི་གཞན་ཡོང་སྟེ་ཁོང་དང་འབྲེལ་བ་བྱ་རྒྱུར་དོགས་གཞི་ཆེན་པོ་བྱས་ཏེ་སྨན་ཁང་དུ་ཉེན་རྟོག་པ་གསུམ་ཙམ་ནས་ཉིན་མཚན་དབྱེར་མེད་ཀྱིས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག།