བཀའ་ཁྲི་གསར་པའི་དམ་འབུལ་མཛད་སྒོའི་སྐོར།
2011.07.26
༄༅༎བོད་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་ཁྲི་གསར་པའི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པ་རེད།
དེ་ཡང་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁག་ཁང་གི་ཆོས་རའི་ནང། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱུང་བའི་བློ་བཟང་སེང་གེ་མཆོག་གིས། ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་དྲུང་ནས་བཀའ་ཁྲིའི་དམ་འབུལ་ཞུ་རྒྱུ་ཡིན་ཞིང༌། དམ་འབུལ་གྱི་མཛད་སྒོ་གྲུབ་པའི་མཚམས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྕལ་རྒྱུ་དང༌། དེ་རྗེས་བཀའ་ཁྲི་གསར་པའི་ཐོག་ནས་གསུང་བཤད་གནང་རྒྱུ་ཡིན་པ་རེད། ད་རེས་བཀའ་ཁྲི་གསར་པའི་དམ་འབུལ་གྱི་མཛད་སྒོ་དེའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཁྲིམས་ཞིབ་པ་ཆེ་བ་དང༌། ཕྱག་རོགས་ཁྲིམས་ཞིབ་པ་རྣམ་པ་གཉིས་དང༌། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས། དབུས་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་་གི་འགན་འཛིན། འགན་འཛིན་ལས་འཕར་རྣམ་གཉིས། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན། བོད་མི་དམངས་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཟུང་དྲུང་ཡན་གྱི་དྲུང་ཆེ་ཆེ་ཆུང་སོགས་ཆེད་བཅར་ཞུ་རྒྱུ་དང༌། སྲི་ཞུའི་མཛད་གཙོ་རྣམ་པས་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་ལ་རྟེན་འབྲེལ་མཚོན་དོན་དུ་མཇལ་དར་འབུལ་རྒྱུ་དང༌། དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང༌། ཕྱི་ནང་སྐུ་མགྲོན་རྣམས་དང་ཕྱི་རྒྱལ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། བོད་ཀྱི་གྲོགས་པོ་རྣམ་པ། དེ་བཞིན་རྒྱ་རིགས་ཁག་ཅིག་གིས་མཛད་སྒོ་ཞིག་སྐོང་ཚོགས་གནང་སྟེ། བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་པ་རེད།