བོད་རྒྱའི་འབྲེལ་མོལ་དང་འབྲེལ་བའི་གནས་ཚུལ།
2010.01.27
༄༅༎རེས་གཟའ་མིག་དམར་ཉིན་རྒྱ་ནག་དུ་ཕེབས་འབྱོར་ཟིན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་དང་ལྷན་དུ་ཡུན་རིང་བར་མཚམས་ཆད་པའི་འབྲེལ་མོལ་དེ་བསྐྱར་དུ་དབུ་འཛུགས་གནང་རྒྱུ་ཡིན་པའི་གནས་ཚུལ་འདུག།
ཁ་ས་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་མེད་པ་དང་གསལ་པོ་ཡིན་སྐོར་བརྗོད་དེ། ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གཞུང་གི་འབོད་སྐུལ་ལ་བཟང་ཕྱོགས་ཀྱི་ལན་འཆར་བཏོན་གནང་བའི་རེ་བ་ཡོད་ཅེས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཚན་པས་འགྲེལ་བརྗོད་བྱས་བཞག། བོད་རྒྱ་འབྲེལ་མོལ་བསྐྱར་དུ་དབུ་འཛུགས་གནང་དགོས་པའི་རྒྱུ་མཚན་གསལ་པོ་མེད་ནའང༌། དེ་རིང་བཙན་བྱོལ་བོད་གཞུང་གིས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་རྒྱུའི་འཆར་གཞིའི་ཐོག་ཕྱོགས་གཉིས་ཀས་བསྐྱར་དུ་བཀའ་མོལ་གནང་བའི་རེ་བ་ཡོད་སྐོར་གསུངས་ཡོད་པ་དང༌།
དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་དམིགས་གསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་རྒྱ་ནག་དུ་འབྲེལ་མོལ་ཆེད་ཕེབས་རྒྱུའི་ཐག་གཅོད་བདུན་སྔོན་མའི་གཟའ་མཇུག་ལ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨེ་པི་གསར་ལས་ཁང་ལ། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རྣམ་པ་ད་ཆ་ཧུ་ནན་ཞིང་ཆེན་ནང་ཡོད་པ་དང༌། གལ་ཆེའི་ས་གནས་ཁག་ཅིག་ལ་ཕེབས་པའི་རྗེས། རེས་གཟའ་པ་སངས་ཉིན་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་གྱིས་། དེའི་ཉིན་ཕྱི་མ་རེས་གཟའ་སྤེན་པའི་ཉིན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་ཉིན་གྲངས་གཉིས་རིང་གི་གྲོས་མོལ་དབུ་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་འདུག། ཨེ་པི་གསར་ལས་ཁང་གི་གསར་འགོད་པས་ ད་རེས་ཀྱི་འབྲེལ་མོལ་དེ་ནས་ཐུགས་རེ་ག་རེ་གནང་གི་ཡོད་མིན་བཀའ་འདྲི་ཞུས་པར་བཀའ་ཁྲི་མཆོག་གིས་ དམིགས་བསལ་ཐུགས་རེ་འདི་ཡིན་ཞེས་གསལ་བཏོན་མ་གནང་པར་སྒུག་སྡོད་གནང་ནས་གཟིགས་རྒྱུ་ཡིན་ལུགས་གསུངས་བཞག།
ད་རེས་རྒྱ་ནག་གི་ངོས་ནས་གྲོང་མོལ་བྱ་རྒྱུའི་ཐག་གཅོད་བྱས་པ་དེ་ནི། ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་མགྱོགས་མྱུར་བོད་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཉེ་བའི་ཉིན་ཤས་ནང་ཨ་རིའི་དཔོན་རིགས་ཚོས་གསུངས་ཡོད་པར་རྒྱ་ནག་བློ་འཚབ་ལངས་ཡོད་སྲིད་པ་ཞིག་ཡིན་པ་དང༌། ཡང་རིང་མིན་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཨ་རིའི་ནང་འཚམས་གཟིགས་ལ་འབྱོར་གྱི་ཡོད་པའི་གོང་དེར་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་དབར་གྱི་མཇལ་འཕྲད་དེ་མ་བྱུང་ན་བསམ་པའི་རེ་བ་རྒྱ་ནག་གི་དཔོན་རིགས་ཚོས་བྱེད་བཞིན་ཡོད་སྐོར་གནད་དོན་དབྱེ་ཞིབ་ཚོས་ཚོད་དཔག་གནང་བཞིན་འདུག། བོད་རྒྱ་འབྲེལ་མོལ་བསྐྱར་དུ་དབུ་འཛུགས་ཐུབ་པ་དེར་ཨ་རི་དང་དབྱིན་ཡུལ། ཀེ་ན་ཌ་བཅས་ཀྱིས་དགའ་བསུ་ཞུས་གནང་འདུག།