མཐོ་སྒང་བོད་ནི་དྲག་པོའི་དམག་གི་རྟེན་ས་ལྟ་བུ་ཞིག་ཏུ་བཟོས་ཡོད་པ།
2015.11.05

རྒྱ་ནག་གཞུང་གིས་མཐོ་སྒང་བོད་ནི་དྲག་པོའི་དམག་གི་རྟེན་གཞི་ལྟ་བུ་ཞིག་ཏུ་བཟོས་ཡོད་པར་སྐྱོན་བརྗོད་གནང་ཡོད་པ།
དེ་རིང་རྒྱ་གར་གྱི་NDབརྙན་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་ལྔ་བའི་ཐོག་ལ་ཕེབས་ཚོགས་ཞུགས་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་གར་དང་ས་འབྲེལ་ས་མཚམས་འཁེལ་ཡུལ་བོད་ཀྱི་ས་ཆའི་ནང་། དམག་མི་འཕོན་ཆེ་འགྲེམས་འཇོག་བྱས་ཏེ་བོད་ཀྱི་ས་ཆ་ནི་དྲག་པོའི་དམག་ས་ལྟ་བུ་བཟོས་ཡོད་པ་དང་། དེ་ནི་རྒྱ་གར་དང་རྒྱ་ནག་གི་བར་ལ་དེ་སྔ་ཞི་བདེ་དང་བར་གནས་རྒྱལ་ཁབ་ཏུ་གནས་མྱོངས་བའི་བོད་དེ་ད་ཆ་དམག་ས་ཅན་དུ་བསྒྱུར་ཡོད་པ་མ་ཟད་། བོད་ཀྱི་ས་ཆ་དམག་ས་ལྟ་བུ་བསྒྱུར་བ་དེ་ཡིས་མངའ་ཁུལ་དེའི་ནང་གི་ས་ཆའི་བབ་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ཤུགས་རྐྱེན་ཐེབས་ཏེ་། རྒྱལ་སྤྱིའི་ནང་ཛ་དྲག་ཆགས་དགོས་པའི་དཀའ་རྙོགས་ཚབས་ཆེན་པོ་ཡོང་རྒྱུ་ཡིན་ཞིང་། དེའི་ནང་ནས་དམིགས་བསལ་རྒྱ་གར་ལ་དཀའ་རྙོག་ཆེན་པོ་བཟོ་རྒྱུ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད་།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་ལྔ་པ་དེ་ནི་ཕྱི་ཚེས་༤ ཉིན་མཇུག་སྒྲིལ་བ་དང་། ཁོང་ཚོས་སྤྱི་བསྒྲགས་ཤིག་འགྲེམས་སྤེལ་བྱས་པའི་ནང་། བོད་ས་ཁོངས་རྒྱ་ནག་གཞུང་གིས་དམག་ས་ལྟ་བུར་བསྒྱུར་བའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་ལ་མཁའ་དམག་གནམ་གྲུ་སོགས་ཉེ་རིང་དང་ཕྱོགས་གང་དུ་གནས་ཡོད་མེད་སོགས་སྒྲ་རླབས་ཀྱི་ཐོག་ནས་འཛིན་ཐུབ་མཁན་གྱི་གསང་བའི་འཕྲུལ་ཆས་༡༧བཙུགས་ཡོད་པ་དང་། དམག་གི་གནམ་གྲུའི་རྟེན་གཞི་ཁག་༡༤དང་། མེ་ཤུགས་འཕུར་མདེལ་གྱི་རྟེན་གཞི་ཁག་བརྒྱད་བཙུགས་ཡོད་པ་མ་ཟད། དེའི་ནང་རྒྱ་གར་སོགས་ཨེ་ཤི་ཡའི་མངའ་ཁུལ་ནང་གཏོར་སྐྱོན་གཏོང་ཐུབ་པའི་མེ་ཤུགས་འཕུར་མདེལ་བརྒྱད་དང་། རྒྱང་ཐག་འབྲིང་ཙམ་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་༢༠གསོག་འཇོག་བྱས་ཡོད་པའི་ར་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།