ས་ཁམས་རིག་པ་བ་ཚོར་བོད་མཐོ་སྒང་ནས་ཟངས་ཊོན་ས་ཡ་ ༢༠ ལྷག་རྙེད་སོན་བྱུང་འདུག
ཟླ་ ༤ ཚེས་ ༣༠ ཉིན་ (Chemanalyst) ཞེས་རྫས་སྦྱོར་དང་རྡོ་སྣུམ་རྫས་སྦྱོར་རིག་པའི་ཆེད་མཁས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ས་ཁམས་རིག་པ་བ་ཚོས་བོད་མཐོ་སྒང་ནས་ཨ་སྒོར་དུང་ཕྱུར་ཆིག་སྟོང་གི་རིན་ཐང་ལྡན་པའི་ཟངས་ཊོན་ས་ཡ་ ༢༠ ལྷག་རྙེད་ཡོད་པ་དང་། ཟངས་རྙེད་སོན་བྱུང་བ་འདིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ཏེ། རྒྱལ་སྤྱིའི་ཟངས་ཀྱི་ཚོང་རའི་དབང་ཚད་དང་རྒྱ་ནག་གི་ནུས་པ་གོང་འཕེལ་གཏོང་སྲིད་པ་རེད་ཅེས་བཀོད་འདུག སྤྱིར་བོད་མདོ་དབུས་མཐོ་སྒང་ནས་ཏུན་ཁྲི་ཉིས་སྟོང་ལྷག་གི་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་གསར་པ་ཞིག་རྙེད་སོན་བྱུང་བ་དང་། དེ་ནི་བོད་མཐོ་སྒང་ནང་དུ་ཟངས་ཀྱི་གཏེར་ཁ་ཏུན་ཁྲི་ཕྲག་མང་པོའི་གཏེར་ཁའི་ཐོན་ཁུངས་གི་རྟེན་གཞི་བཞི་པ་དང་། བོད་མཐོ་སྒང་ནི་འཛམ་གླིང་སྟེང་ཟངས་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་རྟེན་གཞིར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གྱི་མི་དམངས་དྲྭ་བ་སོགས་གསར་ལམ་ཁག་ཅིག་ནང་ཕྱི་ཟླ་དང་པོའི་ཚེས་༦རེས་གཟའ་ཟླ་བའི་ཉིན་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
སྙན་ཐོའི་ནང་ས་ཁམས་རིག་པ་བ་ཚོར་ཟངས་ཀྱི་གཏེར་ཁ་རྙེད་སོན་བྱུང་སའི་མཚོ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དེ་ནི། སྔོན་ཆད་ས་ཐག་རིང་ལ་འགྲོ་བསྐྱོད་དཀའ་བའི་ས་ཆ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་རུང་། ད་ཆ་འཛམ་གླིང་གི་ཟངས་འཚོལ་བཤེར་བྱེད་སའི་ས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་སྐོར་དང་། ཟངས་ཀྱི་རིན་གོང་ནི་དགོས་མཁོའི་རྐྱེན་གྱིས་ཇེ་མཐོར་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་ཟངས་གཏེར་མཁོ་སྤྲོད་ཐོག་སྟངས་འཛིན་ཤུགས་ཆེ་རུ་བཏང་བ་དེས། རྒྱལ་སྤྱིའི་ཚོང་འབྲེལ་གྱི་རིམ་པར་འགྱུར་བ་དང་ཟངས་གཏེར་འདང་ངེས་མེད་པའི་རྒྱལ་ཁབ་ཚོས་རྒྱ་ནག་གི་ཐོན་ཁུངས་ལ་བརྟེན་དགོས་པའི་ཚད་ཇེ་མཐོར་འགྲོ་སྲིད་ཀྱང་། བོད་ཀྱི་མཐོ་སྒང་གི་ས་བབ་མཐོ་ཚད་དང་གནམ་གཤིས་གནས་སྟངས་སོགས་ཀྱིས། ས་ཁུལ་དེ་ནས་གཏེར་ཁ་སྔོག་འདོན་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པར་བརྟེན། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་འཕྲུལ་རིགས་ཡར་ཐོན་ཅན་དང་། གནམ་གྲུ་སོགས་དེང་རབས་འཕྲུལ་རིགས་ཀྱི་ཐབས་ལམ་སྣ་མང་བརྟེན་ཏེ་རང་འབྱུང་ཁོར་ཡུག་ལ་གདོང་ལེན་བྱེད་བཞིན་ཡོད་སྐོར་སོགས་གསལ་སྟོན་གནང་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སྤྱི་ཚོགས་དང་དཔལ་འབྱོར་ཡར་ཐོག་ལྟེ་གནས་ཁང་ (in eng) གི་ཉམས་ཞིབ་པ་ (Shreekant Gupta) ལགས་ཀྱིས། རྒྱ་ནག་ནི་འཛམ་གླིང་ནང་ཟངས་བེད་སྤྱོད་ཆེ་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་རྒྱལ་ཁབ་ཏུ་ཟངས་གཏེར་ཡོད་ནའང་དེས་སོ་སོའི་དགོས་མཁོ་སྐོང་མི་ཐུབ་པར་བརྟེན། རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་པས་རྒྱ་ནག་གཞུང་ནས་བོད་ནང་མུ་མཐུད་གཏེར་ཁ་བསྔོག་འདོན་བྱེད་ངེས་ལ། དེས་བོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད་ལ། གཏར་ཁ་སྔོག་འདོན་གྱི་ལས་རིགས་ལ་བརྟེན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་འབྱུང་སྲིད་པ་རེད་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་རྒྱ་ནག་གོ་ལའི་དུས་བབ་ཀྱིས་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིའི་ཟངས་ཀྱི་གཏེར་ཁ་འབྱུང་ཁུངས་ས་གནས་དེ་གཅིག་པུ་ལས། སྤུས་ཚད་མཐོ་བའི་ཟངས་ཊོན་ས་ཡ་ ༢༠ ལྷག་རྙེད་སོན་བྱུང་ཡོད་ཅིང་། ས་གནས་དེའི་མཐའ་འཁོར་གྱི་ས་ཆ་གཞན་རྣམས་ཀྱིས་ས་ཁུལ་དེའི་ཐོན་ཁུངས་དེ་བས་ཁྱོན་བསྡོམས་ཊོན་ས་ཡ་ ༡༥༠ བར་སྤར་སྲིད་པ་རེད་ཅེས་བཀོད་འདུག་ལ། དུས་སྐབས་འདིར་རྒྱ་ནག་གཞུང་ལ་ཟངས་ཀྱི་གཏེར་ཁ་ཕོན་ཆེ་རྙེད་སོན་བྱུང་བ་དེ་ནི། རྒྱ་ནག་གིས་ལོ་ལྔའི་འཆར་གཞིའི་ (༢༠༢༡-༢༠༢༥) འོག་ཏུ་ཡོད་པའི་གལ་ཆེའི་གཏེར་རྫས་ཉེན་སྲུང་ཐོབ་ཐབས་ཀྱི་འབད་བརྩོན་ཞེས་པ་དེ་བཞིན་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བཀོད་འདུག
རྩ་བའི་ཟངས་ཀྱིས་འཛམ་གླིང་དེ་བཞིན་སྔོ་ལྗང་ནུས་ཤུགས་ (Green Energy) ཕྱོགས་འགྱུར་བར་སྐུལ་འདེད་གཏོང་གི་ཡོད་ཅིང་། དེ་ནི་གློག་འཁོར་དང་། ཉི་འོད་གློག་སྡེར། རླུང་འཁོར་གློག་ཆས་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།