བོད་ཕྲུག་ཆེད་སློབ་གཉེར་གྱི་མཐུན་རྐྱེན་དགོངས་བཞེས་འབོད་སྐུལ།
2011.02.03
༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ནས་ཉེ་ཆར་རྒྱ་གར་བྱང་ཕྱོགས་ཀྱི་ཨི་ཏར་ཀན་མངའ་སྡེའི་ནང་གཞུང་དོན་ཕྱོགས་བསྐྱོད་གནང་སྟེ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་ལྷན་དུ་མཇལ་འཕྲད་གནང་ཐོག་ཁུལ་དེའི་མཐོ་རིམ་སློབ་གྲ་ཁག་ནང་བོད་ཕྲུག་ཆེད་ སློབ་གཉེར་གྱི་མཐུན་རྐྱེན་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་བཅས་མི་སྣ་གསུམ་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་རྣམ་པ་ཚོས་བདུན་ཕྲག་གཅིག་གི་རིང་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཀན་མངའ་སྡེའི་རྒྱལ་ས་རྡེ་ར་རྡུན་དུ་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་རེད་ ཕྱོགས་བསྐྱོད་ཀྱི་ལས་དོན་ལེགས་གྲུབ་ཐོག་རྡ་སར་ཕྱིར་ཕེབས་ཏེ་ཕྱི་ཚེས་༣༡ཉིན་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན་ཁོང་རྣམས་རྡེ་ར་རྡུན་དུ་ཕེབས་སྐབས་ཨུ་ཏར་ཀན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ར་མེཤ་པོཀ་རི་ཡལ་མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། སྐབས་དེར་རང་གཞུང་གི་མཛད་གཙོ་རྣམ་པས་མངའ་སྡེའི་བློན་ཆེན་མཆོག་ལ་མངའ་སྡེའི་མཐོ་སློབ་ཁག་གི་ནང་ བོད་ཕྲུག་ཚོར་སྨན་དང་བཟོ་འཕྲུལ་རིག་གནས་ཐོག་སློབ་གཉེར་སློབ་ཞུགས་ཀྱི་དམིགས་བསལ་ས་མིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གནད་དོན་དེར་དགོངས་བཞེས་གནང་རྒྱུའི་ཁས་ལེན་གནང་ཡོད་སྐོར་གསལ་འདོན་གནང་བཞག གཞན་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པའི་གཞུང་དོན་ཕྱོགས་བསྐྱོད་དེའི་སྐབས་ཨུ་ཏར་ཀན་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧ་རཀ་སིང་ར་ལྦཏ་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཧི་ར་སིང་བིསིཏ་ དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧར་སྦནསི་ཀ་པུར་བཅས་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨུ་ཏར་ཀན་མངའ་སྡེའི་རྒྱ་གར་གྱི་གནས་ཡོད་མཐོ་རིམ་མི་སྣ་ཚོས་བོད་མིའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་བོད་མིའི་རང་དབང་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པ་གསལ་འདོན་གནང་ཡོད་སྐོར་གསར་འགོད་གསལ་བསྒྲགས་གནང་གསུང་ཡོད་པ་རེད་།།