༸གོང་ས་མཆོག་གི་བཀའ་ཡིག་ལམ་སྟོན་གཞིར་བཟུང་སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་ཞུ་རྒྱུ་ཡིན་འདུག

སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་ཕུལ་ཕྱོགས་ཀྱི་རྙོག་གླེང་དང་། གྲོས་ཚོགས་འཚོགས་མ་ཐུབ་པ། དེ་བཞིན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱེད་མ་ཐུབ་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཅིང་། བདམས་ཐོན་སྤྱི་འཐུས་རྣམ་པའི་བར་དཀའ་རྙོག་སེལ་ཐབས་སླད་ཕྱི་ཟླ་༩
པའི་ནང་ཉིན་གཉིས་རིང་གི་ནང་མོལ་ཚོགས་འདུ་ཚོགས་ཀྱང་། འདུམ་འགྲིག་མ་ཐུབ་པར་བརྟེན་བདམས་ཐོན་སྤྱི་འཐུས་རྣམ་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་པ་བཞིན། འདི་ཚེས་༦ ཉིན་༸གོང་ས་མཆོག་ནས་སྩལ་བའི་ལམ་སྟོན་བཀའ་ཡིག་གི་དོན་ཚན་དང་པོ་སྟེ། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁོངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་ཞེས་ཕེབས་དོན་ལྟར། སྤྱི་འཐུས་ཚང་མས་སྤྱི་མོས་ཀྱི་མགོན་པོ་མཆོག་གི་ལམ་སྟོན་བཀའ་ཡིག་ལྟར་ཤར་བསྐྱོད་ཞུ་རྒྱུ་ཡིན་པ་ཐག་གཅོད་བྱུང་ཡོད་པ་བདམས་ཐོན་སྤྱི་འཐུས་ཀྱི་ཚོགས་འདུའི་གཙོ་སྐྱོང་དུ་འོས་འདེམས་བྱུང་བ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསུངས་གནང་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཡིག་ལམ་སྟོན་གྱི་དོན་ཚན་གཉིས་པ་སྟེ། གོང་ཞུས་དོན་ཚན་དང་པོ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས་ཞེས་འཁོད་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་ཡིག་དེའི་ནང་། གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་སྤྱི་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། དེ་བཞིན་བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན། ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས་ཞེས་དང་། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད་ཅེས་བཀའ་སློབ་ལམ་སྟོན་ཕེབས་འདུག
ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ལམ་སྟོན་བཀའ་ཡིག་དེའི་ནང་། ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་པ་མེད་ཅེས་བཀའ་ཕེབས་འདུག
སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་ནང་ཁུལ་གྱི་རྙོག་གླེང་དང་འབྲེལ་བའི་ཐོག་ད་རེས་ཐག་གཅོད་བྱུང་བའི་གནད་དོན་ཐད་འདི་གའི་གསར་འགོད་པས་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་ཞུས་པར། བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་འཆར་ཡོད་པ་ཨའོ་སི་ཊརེ་ལི་ཤེ་ཡའི་བདམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ད་རེས་ཐག་གཅོད་དེར་ཧ་ཅང་གི་དགའ་ཚོར་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མདུན་ནས་དམ་འབུལ་ཞུས་མཁན་བྱང་ཨ་རིའི་བདམས་ཐོན་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཐེ་ཚོམ་མེད་པའི་ཐོག་ནས་༸གོང་ས་མཆོག་གི་བཀའ་བཞིན་དོན་ཚན་དང་པོའི་ཐོག་ཤར་བསྐྱོད་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་དེ་དང་ཕྱོགས་མཚུངས་འདི་ཚེས་༨རེས་གཟའ་པ་སངས་ཉིན་བར་བརྒལ་ཚོགས་གཙོའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་དམ་འབུལ་ཞུས་པའི་རྗེས་བདམས་ཐོན་སྤྱི་འཐུས་རྣམ་པས་བར་བརྒལ་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་རྒྱུ་དང་། དེའི་རྗེས་དབུས་འོས་བསྡུ་ལས་ཁང་ནས་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུ་ཡིན་འདུག་བདམས་ཐོན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།