རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་རྩོད་རྙོག་དང་འབྲེལ་ཏེ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

2022.12.23
རྒྱ་གར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་རྩོད་རྙོག་དང་འབྲེལ་ཏེ་བོད་དོན་ཞུ་སྐུལ་གནང་བཞིན་འདུག སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བའི་སྐབས། ༢༠༢༢།༡༢།༢༢ ཉིན།
སྒྲིག་བཟོ།

རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་དགུན་དུས་གྲོས་ཚོགས་འཚོགས་བཞིན་མུས་ཡིན་པ་དང་བསྟུན། སྤྱི་ཟླ་༡༢་ཚེས་༢༢ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་༦ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས། རྒྱ་གར་དབུས་གཞུང་གིས་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་རྒྱ་འབྲེལ་མོལ་སྐྱར་གསོ་དགོས་པ། བོད་ཀྱི་ཁོར་ཡུག་གི་གལ་གནད། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཐོག་རྒྱ་དཀར་ནག་གཉིས་རྩོད་རྙོག་བཅས་དོན་ཚན་བཞིའི་ཐོག་ལ་ཞུ་སྐུལ་གནང་ཡོད་པ་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཞིང་། ལྷག་ཏུ་ས་མཚམས་རྩོད་རྙོག་ཀྱི་ཞུ་གཏུག་ལས་འགུལ་དེ་ནི་དུས་ཐོག་ཆར་པ་ལྟ་བུའི་ཞུ་འབོད་ལས་འགུལ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཡང་དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་ཀྱིས། ཆ་བགོས་བྱས་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གཉིས་ནས་ད་བར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༡༢ཙམ་ཞིག་མཇལ་འཕྲད་ཀྱིས། བོད་དོན་ཞུ་སྐུལ་གནང་ཟིན་ཡོད་པ་དང་། ད་དུང་སྤྱི་ཟླ་༡༢་ཚེས་༢༨བར་མུ་མཐུད་རྒྱ་གར་དབུས་གཞུང་གི་བློན་ཆེན་ལས་ཁུངས་དང་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཚོའི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་རྒྱལ་ས་ལྡི་ལི་ནས་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་ཞིང་། ད་བར་མཇལ་འཕྲད་གནང་ཟིན་པའི་ཁྲོད་ཇཱ་མུ་ཀ་ཤི་སྨིར་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་ཇཱ་མུ་ཀ་ཤི་སྨིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་འབུམ་རམས་པ་Dr. Farooq Abdullahལགས་ཀྱིས། བོད་ཀྱི་གནད་དོན་ནི་རྒྱ་གར་གཞུང་ལ་གལ་འགངས་ཆེན་པོ་ཆགས་ཡོད་པས། རྒྱ་གར་གྲོས་ཚོགས་ནང་དུ་དེ་སྔ་བཞིན་བོད་དོན་གླེང་སློང་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག 

གཞན་ཡང་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་ངོས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་John Barlaལགས་དང་།  རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Lahar Singh Siroyaལགས། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་Mala Rajya Laxmiལགས། དེ་ནས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Birendra Prasadལགས། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་རིན་ཆེན་ལྷ་མོ་ལགས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Ram Chander Jangraལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Hasmukhbhai Patelལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Balak Nathལགས། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Dhal Singh Bisenལགས། ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Guman Singh Damorལགས། ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Vinayak Rautལགས་བཅས་དང་ལྷན་དུ་མཇལ་འཕྲད་གནང་འདུག

གོང་ཞུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྟེ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་བཅས་ཡིན་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎