བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། དཔང་རྟགས་རྩ་འཛིན་ཁྲིམས་ཡིག ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཁྲིམས་འཆར་སྟེང་། གྲོས་ཚོགས་སུ་བརྗོད་པ་དང་པོ་ཕྱིན་ཡོད་པ།

2025.03.24
བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། དཔང་རྟགས་རྩ་འཛིན་ཁྲིམས་ཡིག ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཁྲིམས་འཆར་སྟེང་། གྲོས་ཚོགས་སུ་བརྗོད་པ་དང་པོ་ཕྱིན་ཡོད་པ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་འཚོག་བཞིན་པ། ༢༠༢༥།༠༣།༢༢
Photo: RFA

བཞུགས་སྒར་དུ་འཚོག་བཞིན་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བདུན་པ་སྟེ། སྤྱི་ཟླ་ ༣ པའི་ཚེས་ ༢༤ ཉིན། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་གྱི་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཁྲིམས་འཆར་བཏོན་པའི་སྟེང་། གྲོས་ཚོགས་སུ་བརྗོད་པ་དང་པོ་ཕྱིན་པ་དང་མཚུངས། བརྗོད་པ་དང་པོའི་ནང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཁྲིམས་འཆར་གྱི་ལེའུ་དང་པོ། སྔོན་འགྲོའི་དོན་ཚན་གསུམ་པའི་ནང་འགོ་འཛུགས་ཞེས་པའི་ཐད། ཁྲིམས་ཡིག་འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཟོ་འགོད་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱལ་ལོ་ ༢༡༢༣ ཕྱི་ལོ་ ༡༩༩༦ ཟླ་ ༣ པའི་ཚེས་ ༢༨ ཉིན་བཀའ་འཁྲོལ་དང་འབྲེལ་གཏན་འབེབས་མཛད་པ་ནས་བཟུང་འགོ་འཛུགས་ཞུས། ཞེས་གསུང་ཡོད་པས། ད་ལྟ་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདི་ཡང་བསྐྱར་གཏན་འབེབས་ཞུ་ཡི་ཡོད་པར། འགོ་འཛུགས་དེ་ཇི་ལྟར་ཆགས་མིན་སྐོར་དོགས་འདྲི་ཞུས་སོང་།

དེ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། འགོ་འཛུགས་དེ་ནི་དེ་བཞིན་དུ་གནས་ཏེ་འགོ་འཛུགས་དེ་ནས་ཞུས་པའི་བྱུང་རིམ་ལ་འགྱུར་བ་མེད་པར་གནས་སྡད་ཀྱི་ཡོད་ཅིང་། ཁྲིམས་ཡིག་འདི་གསུམ་ང་ཚོས་གཏན་འབེབས་བཀའ་འཁྲོལ་ཞུ་མ་ཐུབ་ན། ཁྲིམས་ཞིབ་པ་རྣམ་པས་ཕྱག་ལས་གནང་བའི་ལམ་ག་ཁྱོན་ནས་མེད་པར་འགག་འགྲོ་ཡི་ཡོད་པས། འདི་ཧ་ཅང་གལ་ཆེན་པོ་དང་དེ་རིང་བཀའ་འཁྲོལ་གཏན་འབེབས་གནང་དགོས་ཡོད་ཅིང་། རྗེས་ལ་ཁྲིམས་ཞིབ་པ་རྣམ་པ་གསུམ་ཕེབས་ནས་འདིའི་ཐོག་ནས་གོ་བསྡུར་གྱིས། བསྐྱར་བཅོས་གནང་དགོས་ན་བསྐྱར་བཅོས་ཀྱི་ལམ་ག་གཞི་ནས་ཡོང་གི་ཡོད་པ་གསལ་བཤད་གནང་སོང་།

གཞན་ཡང་གོང་གསལ་ཁྲིམས་ཡིག་དེའི་ཐོག་བརྗོད་པ་དང་པོ་འགྲོ་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། ཁྲིམས་འཆར་དེའི་ལེའུ་བཅོ་ལྔ་པ། བསྐྱར་བཅོས། དོན་ཚན་གྱ་དགུ་བ། ཁྲིམས་ཡིག་བསྐྱར་བཅོས་ཀྱི་ནང་། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་འདིར་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བསྐྱར་བཅོས་འཆར་འབུལ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བཀའ་འཁྲོལ་གཏན་འབེབས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས་ཞེས་པར། བཅའ་ཁྲིམས་ནང་མོས་མཐུན་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་བཀོད་དགོས་ཞེས་དང་། འདིའི་ནང་མོས་མཐུན་བཀའ་འཁྲོལ་གཏན་འབེབས་ལ་ཞེས་བཀོད་པའི་ཐོག་དོགས་འདྲི་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། འདིའི་ནང་སླེབས་བསྡད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་བདུན་པའི་ནང་གི་ཟུར་བརྗོད་ཅིག་ཡོད་པ་ཚིག་རིས་ཇི་བཞིན་དུ་ཚུར་འཁོད་ཡོད་པ་གསལ་བཤད་གནང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འདི་ནི་རྩ་བའི་ཆ་ནས་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་ལས་རིམ་ཆགས་ཡོད་ནའང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་གནང་དགོས་སུ་ཆགས་ཡོད་པས། སྔ་འཕྲོས་སུ་གོང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དེབ་གསུམ་གྲོས་ཚོགས་སུ་གཏན་འབེབས་གནང་ཐུབ་དགོས་པ་ཤིན་ཏུ་གལ་ཆེན་པོར་བརྩི་བཞིན་ཡོད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎