བོད་མི་མང་སྤྱི་འཐུས་ཀྱི་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ།
2012.01.27
༄༅༎བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་ ཕྱི་ལོ་༡༩༤༩ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་ རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་རྒྱུན་མཐུད་སྤེལ་ཏེ་ བོད་མི་ས་ཡ་གཅིག་ལྷག་དུས་མིན་རྐྱེན་འདས་སུ་གྱུར་ཡོད་པ་དང་ ལྷག་པར་དུ་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་མདོ་སྟོད་སྨད་ཁུལ་གྱི་ས་ཁུལ་མང་པོ་ཞིག་ནང་ བོད་མི་སེར་སྐྱ་བཅུ་གྲངས་ཀྱིས་བོད་རང་དབང་གི་ཆེད་ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པར་ས་གནས་མི་མང་ཚོས་གདུང་སེམས་མཉམ་སྐྱེད་ཀྱིས་ཞི་བའི་ལས་འགུལ་སྤེལ་བཞིན་པ་སོགས་ཀྱི་གནས་སྟངས་ཐོག་བོད་མི་མང་སྤྱི་འཐུས་ནས་ཛ་དྲག་གི་ལས་འགུལ་སྤེལ་རྒྱུའི་ནང་ ཕྱི་ཚེས་༢༩སྤྱི་འཐུས་ཁག་ཅིག་ལྡི་ལོར་ཆེད་བསྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ གཞུང་ཚབ་ཁག་ལ་གནས་སྟངས་ཞུ་སྐུལ་དང་ དེ་བཞིན་རྒྱ་ནག་གཞུང་ཚབ་ལ་ཐུག་འཕྲད་ཀྱིས་ སྤྱི་ལྷན་གྱི་ཛ་དྲག་དགོས་དུན་ཁག་ཐད་སྤྲོད་ཞུ་རྒྱུ་ རྒྱ་ནག་གི་སྲིད་འཛིན་ཝུའུ་ཇིང་ཐའོ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་བསྒྲགས་སྙན་ཞུ་བསྐུར་གཏོང་ཞུ་རྒྱུ་ མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་སྤྲོད་དང་ གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བསྐྱར་མ་འཇོག་ཐབས་དང་ ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་རྒྱ་གར་ནང་བོད་མི་སུད་ཚོང་བ་གནས་ཡུལ་ས་གནས་ཁག་བཅས་ནས་བོད་ནང་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ལས་འགུལ་གང་ལ་ཇི་འོས་སྐབས་འཕྲལ་སོ་སོར་སྤེལ་རྒྱུའི་ཞེན་སྐུལ་ཞུ་རྒྱུ་ ཕྱི་ཟླ་གཉིས་པའི་ཚེས་༨ཉིན་འཛིན་སྐྱོང་བཀག་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར་ རྒྱལ་སྤྱིའི་ཁྱོན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་རྒྱ་དུས་གཅིག་ཏུ་སྤེལ་རྒྱུར་བོད་མི་ཚང་མ་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ ཆུ་འབྲུག་ལོ་གསར་སྐབས་ ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས་ གཞས་དང་ཞབས་བྲོ་སོགས་སྤྲོ་སྐྱིད་རིགས་མི་འོས་པའི་འབོད་སྐུལ་ཞུ་རྒྱུ་ ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་ལྕགས་ཡོས་་རང་ལུས་ཞུགས་འབུལ་ལས་འགུལ་གྱི་ལོ་འཁོར་སྲུང་བརྩིའི་ཚུལ་དུ་ སྤྱི་འཐུས་ལྷན་ཚོགས་ཚོགས་དུས་༣པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕུལ་ཏེ་བགྲོ་གླེང་གནང་རྒྱུ་བཅས་ཀྱི་ལས་དོན་སྤེལ་རྒྱུ་འཁོད་འདུག