བོད་ནས་གསར་འབྱོར་མཁན་ཉུང་དུ་ཕྱིན་ཡོད་ཀྱང་སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཚོར་སྣེ་ལེན་ཞུ་རྒྱུའི་ལས་དོན་ལ་འགྱུར་བ་ཕྱིན་མེད་པ་བདེ་སྲུང་བཀའ་བློན་གྱིས་གྲོས་ཚོགས་སུ་གསལ་བཤད་གནང་སོང་།

2025.03.26
བོད་ནས་གསར་འབྱོར་མཁན་ཉུང་དུ་ཕྱིན་ཡོད་ཀྱང་སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཚོར་སྣེ་ལེན་ཞུ་རྒྱུའི་ལས་དོན་ལ་འགྱུར་བ་ཕྱིན་མེད་པ་བདེ་སྲུང་བཀའ་བློན་གྱིས་གྲོས་ཚོགས་སུ་གསལ་བཤད་གནང་སོང་། བདེ་སྲུང་བཀའ་བློན་ནས་གྲོས་ཚོགས་སུ་ལན་འདེབས་གནང་བཞིན་པ། ༢༠༢༥།༠༣།༡༩
CTA

ད་ལྟའི་ཆར་བོད་ནས་ཕེབས་མཁན་གྱི་བོད་མིའི་གྲངས་ཉུང་དུ་ཕྱིན་ཏེ་བོད་མིའི་སློབ་གྲྭ་དང་། དགོན་སྡེ་ཁག་ཏུ་བོད་མིའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་ནའང་། སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཡོད་མེད་ལ་མ་ལྟོས་པར་སྣེ་ལེན་ཞུ་རྒྱུའི་ལས་དོན་ལ་འགྱུར་བ་ཕྱིན་མེད་པ་བདེ་སྲུང་བཀའ་བློན་ནས་གསལ་བཤད་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་པ་བཞུགས་སྒར་དུ་འཚོག་བཞིན་པའི་ལས་ཉིན་དགུ་པ། སྤྱི་ཟླ་ ༣ པའི་ཚེས་ ༢༦ ཉིན་བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་གྱི་སྔོན་རྩིས་གཏན་འབེབས་གནང་སྐབས། བལ་ཡུལ་སྣེ་ལེན་ཁང་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་བོད་ནས་རྒྱ་གར་དུ་ཡོང་མཁན་ཚོར་སོ་སོའི་ཁྱིམ་ནང་བཞིན་ཡིན་བསམ་པའི་ཚོར་བ་ཞིག་ཡོད་པས། དེང་སང་བོད་ནས་ཡོང་མཁན་ཚོ་དེ་ཙམ་མཐོང་ལམ་དུ་མེད་པ་དང་། ད་ལྟའི་དུས་སུ་སློབ་གྲྭ་ཁག་དང་། དགོན་སྡེ་སོགས་སུ་ཧི་མ་ལ་ཡའི་རི་བརྒྱུད་མ་གཏོགས་བོད་པ་དཔེ་ཁྲིག་དགེ་རྒན་སོགས་གང་ཅི་ཉུང་དུ་ཕྱིན་ཡོད་པས། བལ་ཡུལ་སྣེ་ལེན་ཁང་གི་གནས་སྟངས་ཇི་ཆགས་སོགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས་དྲི་བ་གནང་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་བོད་ནས་འབྱོར་བའི་གྲངས་ཀ་ཉུང་དུ་ཕྱིན་པ་དང་། སྤྱི་ཡོངས་སྣེ་ལེན་ཁང་གི་ད་ལྟའི་ཆར་གནས་སྟངས་ཇི་ཆགས། ཨ་མི་རི་ཀའི་རོགས་སྐྱོར་བཀག་འགོག་ལ་བརྟེན་དོ་ཕོག་ཅི་ཡོད། ད་ཡོད་སྣེ་ལེན་ཁང་གི་ས་ཆ་བེད་སྤྱོད་གཏོང་ཕྱོགས་དང་འབྲེལ་བའི་དོགས་འདྲི་གནང་ཡོད་པས། སྣེ་ལེན་ཁང་དུ་རོགས་དངུལ་འབྱོར་བ་མང་ཆེ་ཤོས་ཨ་མི་རི་ཀའི་PRMརོགས་དངུལ་གྱི་ཁོངས་ནས་ཡིན་པར་བརྟེན། ཨ་རིའི་རོགས་དངུལ་དང་འབྲེལ་ནས་ང་ཚོ་ལ་ཐད་ཀར་དོ་ཕོག་བྱུང་མ་སོང་བ་དང་། ད་ཡོད་སྣེ་ལེན་ཁང་གི་གནས་སྟངས་ནི་དེའི་གོང་ནས་བཀའ་ཤག་གི་སྲིད་ཇུས་དང་ཕྱག་ལས་གནང་ཕྱོགས་ལ་སྣེ་ལེན་ཁང་དང་འབྲེལ་བར་འགྱུར་བ་གང་ཡང་ཕྱིན་མེད་ལ། སྣེ་ཁང་འདི་སྣེ་ལེན་ཁང་རང་གི་ངོ་བོར་གནས་བསྡད་ཡོད་ཅིང་། སྣེ་ལེན་ཁང་གི་ལས་འགན་གཙོ་བོ་ནི་བོད་ནས་ཕེབས་མི་ཚོར་སྣེ་ལེན་མཐུན་འགྱུར་ཞུ་བའི་ངོ་བོ་ལ་འགྱུར་བ་རྩ་བ་ནས་ཕྱིན་མེད་ཅེས་གྲོས་ཚོགས་སུ་གསལ་བཤད་གནང་སོང་།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས། སྤྱི་ལོ་ ༡༩༨༠ ནས་ ༢༠༠༢ བར་བོད་ནས་གསར་འབྱོར་ཚོའི་གནས་སྟངས་གཅིག་དང་། ཕྱི་ལོ་ ༢༠༠༢ ནས་ད་བར་གྱི་གནས་སྟངས་ཤིག་ཡོད་ཅིང་། སྤྱི་ལོ་ ༡༩༨༠ ནས་ ༡༩༩༢ བར་གྱི་གསར་འབྱོར་པ་ཚོར་བལ་ཡུལ་ནས་རྒྱ་གར་ནང་ཁྲིམས་མཐུན་གྱི་ཡིག་ཆ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། རྒྱ་གར་དུ་སླེབས་རྗེས་སྐྱབས་བཅོལ་ལག་དེབ་(RC)བཟོ་ཕྱོགས་བཅས་གང་གི་ཐོག་ལའང་རྒྱ་གར་གཞུང་གིས་དགོངས་བཞེས་གནང་གི་ཡོད་པ་དང་། སྤྱི་ལོ་ ༢༠༠༢ ལོའི་རྗེས་བལ་ཡུལ་དུ་རྒྱ་གར་གྱི་འབྲེལ་མཐུད་པ་བཙུགས་ཏེ་ཡིག་ཆ་ཚང་མ་ཁུར་ནས་ཡོང་བའི་སྡེ་ཚན་གཅིག་ཡོད་པ་ཚང་མའི་ཐོག ད་ལྟའི་ཆར་ས་གནས་མང་པོ་ཞིག་གི་ནང་། དེ་སྔོན་སླེབས་པ་དང་ཕྱིས་སུ་ཡིག་ཆ་ཡོད་པའི་སྒོ་ནས་རྒྱ་གར་ནང་གནས་སྡོད་ཆོག་པའི་RCབཟོ་མཁན་མང་པོ་ཞིག་ལ་དཀའ་ངལ་རབས་དང་རིམ་འཕྲད་བསྡད་ཀྱི་ཡོད་པའི་སྟེང་དགོངས་པ་བཞེས་རོགས་ཞེས་དྲི་བ་ཞུས་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་བོད་ནས་ཕེབས་པ་ཚོར་གཙོ་བོ་རྒྱ་གར་གཞུང་གི་སྲིད་བྱུས་དང་དགོངས་བཞེད་བཟང་པོ་ལ་བརྟེན་ནས། ང་ཚོ་སྒེར་ལ་དཀའ་ངལ་ཆུང་ཙག་རེ་འབྱུང་གི་ཡོད་ནའང་། སྤྱི་ཡོངས་སྲིད་བྱུས་ཀྱི་ཐོག་ནས་བཀའ་དྲིན་ཆེན་པོས་སྐྱོང་དང་སྐྱོང་མུས་ཡིན་པས། འདིར་ཚུར་འབྱོར་ནས་ཀྱང་དཀའ་ངལ་མེད་པ་མིན་པས་དེ་ཚོར་དུས་ནས་དུས་འབྲེལ་ཡོད་ཚང་མས་དོ་སྣང་དང་འབད་བརྩོན་གང་ཐུབ་ཞུ་བཞིན་ཡོད་སྐོར་ལན་འདེབས་གནང་གནང་གི་འདུག

གཞན་ཡང་དེ་རིང་གི་གྲོས་ཚོགས་ལས་རིམ་ནང་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གཏན་འབེབས་དང་ལན་འདེབས་གསལ་བཤད་སོགས་ཕྱིན་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎