གྲོས་ཚོགས་སུ་བཀའ་ཤག་མེད་པ་དང་སྤྱི་འཐུས་ལྷན་ཚོགས་འཚོགས་མི་ཐུབ་པ། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྟངས་བྱུང་ནའང་། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ།

2025.03.22
གྲོས་ཚོགས་སུ་བཀའ་ཤག་མེད་པ་དང་སྤྱི་འཐུས་ལྷན་ཚོགས་འཚོགས་མི་ཐུབ་པ། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྟངས་བྱུང་ནའང་། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ། གྲོས་ཚོགས་འཚོག་བཞིན་པ། ༢༠༢༥།༠༣།༡༨
Photo: RFA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་དྲུག་པ་སྟེ། སྤྱི་ཟླ་ ༣ པའི་ཚེས་ ༢༢ ཉིན། གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཅིག་བཏོན་ཡོད།

བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ཡིག་ཆ་ཨང་ ༢༢ པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ནང་། གནས་སྟངས་ཅི་རིགས་ཀྱི་དབང་གིས་བཀའ་ཤག་མེད་པ་དང་སྤྱི་འཐུས་ལྷན་ཚོགས་འཚོགས་མ་ཐུབ་པ། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྐབས་སུ། འཕྲལ་སེལ་སྔོན་རྩིས་ཀྱི་ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་ཚོགས་གཙོ་རྣམ་པས་ཀྱང་མང་མོས་དང་སྤྱི་མོས་ཐོག་བཀའ་འཁྲོལ་སྤྲོད་ཆོག་པའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཅིག་བཏོན་ཡོད་པ་ནི། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས་མ་འོངས་པར་དུས་ཚོད་ཆ་མེད་ལ་གནས་སྟངས་དེ་འདྲ་ཡོང་མ་སྲིད་པ་མིན་པར་བརྟེན། ད་ལྟ་ནས་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་ནས་གནས་ཐུབ་པར་དམིགས་པ་ཞིག་ཡིན་པ་གསལ་བཤད་གནང་གི་འདུག

བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས། ངོས་ཀྱི་བསམ་བློའི་ནང་སྤྱི་འཐུས་གྲོས་ཚོགས་མེད་ནའང་བཀའ་ཁྲོལ་སྤྲོད་མཁན་ཡོད་པའི་བཟོ་འདྲ་བོ་ཞིག་བཟོ་ཡོང་དུས། ང་རང་གི་འཆར་སྣང་ལ་འདི་དག་ཚང་མ་མར་བཀླགས་ཡོང་ན། གང་ལྟར་བོད་མིའི་སྒྲིག་འཛུགས་དེ་ཕལ་ཆེར་སྒོ་བརྒྱབ་པའི་ལག་བསྟར་ལ་འགྲོ་ཡི་འདུག་སྙམ་པའི་ཚོར་བ་སླེབས་ཀྱི་འདུག གང་ལ་ཞེ་ན། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས། སྤྱི་འཐུས་ལྷན་ཚོགས་བཅས་མེད་པར་བཟོས་ཏེ་ག་ལེར་འཛིན་སྐྱོང་རང་མཉམ་འབྲེལ་ཁག་ནང་བཞིན་འགྲོ་རྒྱུའི་བསམ་བློ་བཏང་ཡོང་གི་འདུག་པ་སོགས་ཀྱི་དགོངས་ཚུལ་བཏོན་སོང་

དེ་ལ་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ནས། དེ་ཚོ་མ་འོངས་པར་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཡིན་པ་མ་གཏོགས། སྤྱི་འཐུས་ལྷན་ཚོགས་སྒོ་བརྒྱབ་དགོས་པ་དང་མེད་པར་བཟོ་དགོས་པ་སོགས་སུས་ཀྱང་བཤད་ཀྱི་མེད་པར། སྤྱི་འཐུས་ལྷན་ཚོགས་ཡོད་སྐབས་ད་ལྟའི་ཁྲིམས་སྒྲིག་གཞིར་བཟུང་འགྲོ་དགོས་པ་དང་། བར་བརྒལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་མེད་པའི་གནས་སྟངས་ཆགས་མི་སྲིད་པ་མིན་པར་བརྟེན། ཁྲིམས་སྒྲིག་གི་ཆ་རྐྱེན་དེ་བཟོ་དགོས་ཀྱི་ཡོད་པ་གྲོས་ཚོགས་སུ་གསལ་བཤད་གནང་སོང་།

སྒྲིག་གཞི་བསྐྱར་བཅོས་དེའི་དོན་ཚན་ ༨ པའི་ཀ་བ་འཕྲལ་སེལ་སྔོན་རྩིས་ཀྱི་ནང་། དང་པོ། ལོ་འཁོར་སྔོན་རྩིས་རྒྱབ་གཉེར་བྱེད་མཁན་བཀའ་ཤག་དང་བཀའ་འཁྲོལ་སྤྲོད་མཁན་གྲོས་ཚོགས་མེད་པའམ། ཡང་ན་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྐབས་སུ། ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་བདེ་དོན་བཅས་པའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་ལས་འཆར་གྱི་འབབ་གྲོན་རྣམས་འཁོར་རྒྱུག་ཐུབ་པར་དམིགས་པ་ཞིག་ཡིན་ཞིང་། འཕྲལ་སེལ་སྔོན་རྩིས་ཀྱི་དུས་ཡུན་ནི་གྲོས་ཚོགས་སུ་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་བྱེད་ཐུབ་པའི་བར་དུ་ཡིན།

གཉིས་པ། སྔོན་རྩིས་རྒྱབ་གཉེར་བྱེད་མཁན་བཀའ་ཤག་མེད་པའི་སྐབས་སུ་ལས་ཁུངས་སོ་སོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་དཔལ་འབྱོར་ལས་ཁུངས་ནས་དཔྱད་ཞིབ་ཀྱིས། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་དང་བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་ཚོགས་ནས་རྒྱབ་གཉེར་དང་སྦྲགས། བཀའ་དྲུང་ཡིག་ཚང་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་འཕྲལ་སེལ་སྔོན་རྩིས་འཆར་འབུལ་ཞུས་པར་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འགན་བཀུར་གནང་སྟེ། དེ་སྤྱི་འཐུས་ལྷན་ཚོགས་སུ་འཕྲལ་སེལ་སྔོན་རྩིས་ངོ་སྤྲོད་གཏམ་བཤད་དང་ལན་འདེབས་གསལ་བཤད་ཀྱི་འགན་འཁུར་ལེན་རྒྱུ།

གསུམ་པ། གནས་སྟངས་ཅི་རིགས་ཀྱི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པའམ་འཆར་ལོའི་ལོ་འཁོར་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྟངས་བྱུང་སྐབས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་འཕྲལ་སེལ་སྔོན་རྩིས་བཀའ་འཁྲོལ་ཞུས་ཆོག དེའང་མེད་ཚེ་བཀའ་ཤག་གིས་འཕྲལ་སེལ་སྔོན་རྩིས་བཀའ་ཁྲོལ་སྤྲོད་ཆོག བཞི་པ། སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གཉིས་ཀ་ལས་འཁུར་འཛིན་མ་ཐུབ་པའི་གནས་སྟངས་བྱུང་སྐབས། དོན་ཚན་འདིའི་ནང་གསེས་གཉིས་པ་ལྟར་དྲུང་ཆེ་ལྷན་ཚོགས་ནས་རྒྱབ་གཉེར་དང་སྦྲགས། བཀའ་དྲུང་ཡིག་ཚང་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་འཕྲལ་སེལ་སྔོན་རྩིས་འཆར་འབུལ་ཞུས་པ་རང་དབང་ལྡན་པའི་སྡེ་ཚན་ཁག་གི་ངོ་ཡོད་འགན་འཛིན་ཚོགས་གཙོ་རྣམ་པས་མང་མོས་སམ་སྤྱི་མོས་ཐོག་འཕྲལ་སེལ་སྔོན་རྩིས་བཀའ་ཁྲོལ་སྤྲོད་ཆོག་པ་དང་། བཀའ་དྲུག་ཡིག་ཚང་བརྒྱུད་བཀའ་ཁྲོལ་བཀོད་ཁྱབ་ཁོངས་གཏོང་བྱ་རྒྱུ། ལྔ་པ། སྲིད་སྐྱོང་མེད་པའི་གནས་སྐབས་སུ་གཏོང་ལེན་ཁྲིམས་ཡིག་ལ་སྤྱི་འཐུས་ཚོགས་གཙོས་ཆོག་མཆན་སྩལ་ཏེ་བཀའ་དྲུག་ཡིག་ཚང་བརྒྱུད་བཀའ་ཁྲོལ་བཀོད་ཁྱབ་ཁོངས་གཏོང་བྱ་རྒྱུ་སོགས་བསྐྱར་བཅོས་ཁྲིམས་འཆར་དུ་འཁོད་འདུག་ཅིང་། གཞན་ཡང་དེ་རིང་གྲོས་ཚོགས་ལས་རིམ་དུ་གཞུང་ཞབས་འདེམས་ལྷན་དང་སྤྱི་ལྷན་གྱི་ལས་དོན་བྱེད་ཕྱོགས་སོགས་ཀྱིས་མཚོན་པའི་ཁྲིམས་སྒྲིག་བསྐྱར་བཅོས་མང་པོ་ཞིག་གི་སྟེང་བརྗོད་པ་དང་པོ་ཕྱིན་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎