ཨ་རིའི་རོགས་དངུལ་བཀག་སྐྱིལ་བྱས་རྐྱེན་སྔོན་རྩིས་ནས་གཅོག་ཆའི་རིགས་ཕལ་ཆེ་བ་ཚོགས་འདུའི་རིགས་ཡིན་སྟབས་སྔོན་རྩིས་ལ་དཀའ་ངལ་ཆེན་པོ་འཕྲད་གཞི་མེད་པ་དཔལ་འབྱོར་བཀའ་བློན་ནས་ལན་འདེབས་གནང་སོང་།
ཨ་མི་རི་ཀའི་རོགས་དངུལ་བཀག་སྐྱིལ་གྱིས་སྔོན་རྩིས་ལས་གཅོག་ཆ་བྱེད་དགོས་པ་ཕལ་ཆེ་བ་ཚོགས་འདུ་དང་ཟབ་སྦྱོང་གི་རིགས་ཡིན་པས་སྤྱི་ལོ་ ༢༠༢༥ ནས་ ༢༦ སྔོན་རྩིས་ནང་དཀའ་ངལ་འཕྲད་གཞི་ཆེ་བ་གང་ཡང་མེད་པ་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས་གྲོས་ཚོགས་སུ་གསལ་བཤད་གནང་སོང་།
བཞུགས་སྒར་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འགྲོ་བཞིན་པའི་ལས་ཉིན་གཉིས་པ་སྟེ། སྤྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥ དང་ ༢༦ གི་སྔོན་རྩིས་སྤྱི་ཡོངས་ཀྱི་ཐོག་བགྲོ་གླེང་དང་། དེ་ལ་བཀའ་ཤག་གིས་གསལ་བཤད་གནང་བའི་བརྒྱུད་རིམ་ནང་། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས། ངས་ད་ལྟའི་བཀའ་ཤག་ལ་བཀའ་འདྲི་ཞུ་རྒྱུར། རང་ཁ་རང་གསོའི་ཐབས་ལམ་སྟེང་ང་ཚོ་འགྲོ་དགོས་པ་གལ་ཆེན་རེད་ཅེས་གསུངས་པ་རེད། ཡིན་ནའང་དེ་དང་འབྲེལ་བའི་ཐོག་ནས་ག་རེ་གནང་ཡོད་པ་དང་། རྩིས་ལོ་གསར་པའི་ནང་འཆར་གཞི་ག་རེ་བསྣམས་ཕེབས་ཡོད་ཅེས་དྲི་བ་ཞུས་སོང་ལ། དེ་བཞིན་སྤྱི་འཐུས་གཞན་དག་མང་པོ་ཞིག་གིས་ཀྱང་ཨ་མི་རི་ཀའི་རོགས་དངུལ་བཀག་སྐྱིལ་དང་འབྲེལ་ཏེ། བཀའ་ཤག་གིས་སྔོན་རྩིས་ལས་གཅོག་ཆ་མང་པོ་བྱས་ན་འགྲིག་མིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་གལ་ཅན་ཁག་རྒྱུན་ལྡན་ལྟར་འགྲོ་ཐུབ་མིན་སོགས་བསམ་ཚུལ་དང་དྲི་བ་མང་པོ་ཞིག་ཕུལ་སོང་བས། སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས། སྤྱི་ཡོངས་ཀྱི་གནས་སྟངས་ནི་ཨ་རིའི་རོགས་དངུལ་ནས་ཧིན་སྒོར་བྱེ་བ་ལྔ་བཅུ་ཨ་རིའི་རོགས་ཚོགས་(USAID)དང་། དེའི་ནང་ནས་བྱེ་བ་སུམ་ཅུ་སོ་གསུམ་དང་ཕྱེད་ཀ་ཙམ་ད་ལྟ་གཅོག་ཆ་ཞུ་བཞིན་པ་མང་ཆེ་བ། ཚོགས་འདུ་དང་ཟབ་སྦྱོང་གི་རིགས་མ་གཏོགས། ལས་གཞི་རང་དངོས་སུ་འགྲོ་བར་དངུལ་བཞག་ཡོད་པས་ལས་གཞི་རྣམས་འགྲོ་བསྡད་པ་དང་། སྤྱི་ལོ་༢༠༢༥ དང་ ༢༦ ནང་དཀའ་ངལ་ཆེན་པོ་འཕྲད་གཞི་གང་ཡང་མེད། ཅེས་གྲོས་ཚོགས་སུ་གསལ་བཤད་གནང་སོང་།
གཞན་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག་ནས་ཨ་མི་རི་ཀའི་རོགས་དངུལ་བཀག་སྐྱིལ་དང་བསྟུན། ཛ་དྲག་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་འཕྲལ་དུ་ཨ་མི་རི་ཀར་ཕེབས་ནས་གཞུང་གི་གནད་ཡོད་མི་སྣ་སོགས་ལ་ཐུག་ཐུབ་ན། གཞན་པ་འགའ་རེ་ལ་རོགས་དངུལ་རག་པ་ལྟར། བོད་པ་ཚོར་ཡང་རོགས་དངུལ་གྱི་ཐད་ནས་གནས་སྟངས་མི་འདྲ་བ་འབྱུང་སྲིད་པ་སོགས་ཀྱི་བསམ་ཚུུལ་བཏོན་པར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས། གནས་སྟངས་དེ་ཚོ་མཁྱེན་པར་ཨ་རིའི་ད་ལྟའི་གཞུང་གི་སྤྱི་ཡོངས་ཀྱི་སྲིད་ཇུས་འཛིན་སྟངས་དང་། ད་ལྟའི་གནས་སྟངས་ག་རེ་འགྲོ་བཞིན་པ་དེ་མ་མཁྱེན་པ་ཡིན་ན། ང་ཚོར་ཕ་གིར་སོང་སྟེ་སུ་ཐུག་ཐུག་ཡིན་པ་འདྲ་བོ་དང་། ཐུག་ཆོག་ཆོག་གི་སྣང་བ་ཞིག་ཁུར་བསྡད་ན་ཏག་ཏག་བསྡད་མེད་པ་དང་། ད་ལྟའི་དུས་སྐབས་འདིར་གྲོས་ཚོགས་འཐུས་མི་ཚོར་སྙོབས་དགོས་པ་དེ་ང་ཚོས་སྙོབས་བསྡད་ཡོད་ནའང་། ད་ལྟའི་དུས་འདིར་གྲོས་ཚོགས་རང་གིས་ནུས་པ་ག་ཚོད་འདོན་ཐུབ་དང་མི་ཐུབ་རྣམ་པ་ཚོས་མཁྱེན་གསལ་རེད། གྲོས་ཚོགས་གོང་འོག་ཏུ་ཆབ་སྲིད་ཚོགས་པ་སུ་སླེབས་ཡོད་པ་དང་ཁྲིམས་ཁང་དང་ཕོ་བྲང་དཀར་པོ་སུས་བཟུང་ཡོད་པ་སོགས་རྣམ་པ་ཚོས་མཁྱེན་གྱི་ཡོད་པས། དེ་ཚོ་རྒྱ་ཆེ་སའི་གནས་སྟངས་ཀྱི་འོག་ནས་བལྟ་ཤེས་དགོས་པ་རེད་ཅེས་གསལ་བཤད་གནང་འདུག
བར་ལམ་ནས་ཨ་རི་ཀའི་རོགས་ཚོགས་ཀྱི་རོགས་དངུལ་མང་དག་ཅིག་འཛམ་གླིང་གང་ས་ལ་རོགས་རམ་ཆེད་གནང་བཞིན་པ་དེ། ཨ་མི་རི་ཀ་གཞུང་གིས་ཉུང་འཕྲི་དང་བཀག་སྐྱིལ་སོགས་གནང་བར་བརྟེན་ནས། བོད་མིའི་སྒྲིག་འཛུགས་ལ་ཨ་མི་རི་ཀས་རོགས་དངུལ་ཨ་སྒོར་ས་ཡ་བཅུ་བཞི་གནང་བཞིན་པ་ལས་ས་ཡ་གཉིས་སླར་གསོ་གནང་ཐུབ་ཡོད་ནའང་། ཨ་མི་རི་ཀའི་སྒོར་མོ་ས་ཡ་༡༢བཀག་སྐྱིལ་གྱི་འོག་ལྷག་ཡོད་པ་རེད།
གཞན་ཡང་དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གཉིས་པར་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།