གྲོས་ཚོཊ་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་བྲིས་བསྩལ་བ།
2016.01.07
དེ་ཡང་དེ་རིང་ཟླ་༡་ཚེས་༧ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་མིའི་སྒྲིག་འཛུགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་སློབ་མ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་བྲིས་བསྩལ་ཡོད་པ་དང་། ཕྱག་བྲིས་ནང་། སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འཛིན་རིག་འཛིན་གྲུབ་བརྙེས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག ཕྱི་ལོ་༢༠༡༥ ཟླ་༡༢ཚེས་༣༠ཉིན་དགུང་གྲངས་༡༠༥ལ་ཕེབས་པའི་ཐོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་དེ་ནི་རྒྱལ་བསྟན་སྤྱི་དང་། ཡང་སྒོས་སྔ་འགྱུར་རྙིང་མའི་བསྟན་པར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་སུ་གྱུར་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་དྲག་པོ་བྱུང་ཞིང། རྗེ་འདི་ཉིད་ཀྱིས་བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་དབུ་བླ་མཛད་པ་དང། གཞན་ཡང་རྨད་བྱུང་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བའི་བླ་སྤྲུལ་ཆེ་ཆུང་གང་མང་དང། ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པའི་དམ་པའི་སྐྱེས་བུ།
ཆེན་པོའི་ལུང་དང་ཐམ་ཀས་མངོན་པར་མཐོ་བའི་དཔོན་ཆེན། རིགས་རུས་མངའ་ཐང་སྟོབས་འབྱོར་གྱིས་དྲེགས་པའི་སྡེ་དཔོན་མི་དྲག་དད་འབྱོར་གཏོང་ཕོད་འཕགས་ནོར་གྱིས་བརྒྱན་པའི་སྦྱིན་བདག་ཕོ་མོ་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་དུ་མ་ཙམ་དུ་མ་ཟད། དུས་རྒྱུན་དུ་གང་ཉིད་ཀྱིས་དཀར་ཟས་ཁོ་ན་བསྟེན་ཅིང་། གཞན་ལ་སེམས་ཅན་གྱི་སྲོག་གཅོད་མི་རུང་བ་དང། ཤ་ཁྲག་གི་ཁ་ཟས་བསྟེན་མི་རུང་བ། བསྟེན་པའི་ཉེས་དམིགས། མ་བསྟེན་པའི་ཕན་ཡོན་སོགས་ཀྱི་བཀའ་སློབ་དང་ལྗགས་རྩོམ་དུ་མ་གནང་ཅེས་དང་།
ལྷག་དོན་སྐུ་ཚེ་ཧྲིལ་པོར་འདོད་ཆུང་ཆོག་ཤེས་སོགས་ལ་བརྟེན་ནས་སྦས་པའི་རྣལ་འབྱོར་པ་ཆེན་པོ་སྔ་འགྱུར་རྙིང་མ་པ་སྤྱིའི་ངོས་ནས་དབུ་འཛིན་གནང་རྒྱུའི་གསོལ་འདེབས་སྙན་གསན་ཞུས་ཀྱང་ཞལ་བཞེས་མ་གནང་བར། སྐུ་ཚེ་གང་པོར་མཚན་སྙན་གྲགས་ཐོབ་གོ་ས་སོགས་ལ་གཏན་ནས་མི་དགྱེས་ཤིང་སྤྲོས་པ་ཐམས་ཅད་ཡོངས་སུ་དོར་བའི་ངེས་དོན་བྱ་བཏང་གི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན། དམ་པ་དེ་ཉིད་དགོངས་པ་གཞན་དོན་དུ་གཤེགས་ཚུལ་མཛད་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་སློབ་ཚོགས་དང་། སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཅེས་སོགས་འཁོད་ཡོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།