བཙན་བྱོལ་བོད་མི་མང་སྤྱི་འཐུས་ནས་བལ་གཞུང་ལ་འབོད་སྐུལ།
2008.06.23
༄༅༎བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བལ་གཞུང་ལ་བལ་ཡུལ་ནང་ཉེ་ཆར་ཞི་བའི་ངོ་རྒོལ་སྐབས་འཇུ་བཟུང་བྱས་པའི་བོད་མི་ཁོང་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་བསྐུལ་ཞུས་འདུག
དེ་ཡང་ད་རེས་སྤྱི་ཟླ་༦པའི་ཚེས་༢༡འཁོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་མཚན་ཐོག་ནས་བལ་ཡུལ་གྱི་སྲིད་བློན་རྒིར་ཇ་པར་སཐ་ཀོ་རེ་ལ་མཆོག་གི་མཚན་ཐོག་བཏང་གནང་བའི་འབོད་བསྐུལ་ཞུ་ཡིག་དེའི་ནང་བོད་དང་བལ་ཡུལ་གཉིས་བར་ལ་སྤྱི་ལོ་༡༩༥༩ལོའི་གོང་ལ་དེ་སྔ་དུས་རབས་༧པ་དང་༡༧པ་ནས་༢༠བར་ཕན་ཚུན་མཛའ་འབྲེལ་གྱི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དེ་གསལ་སྟོན་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་ད་ལོ་སྤྱི་ཟླ་༣པ་ནས་བཟུང་བོད་ཁྱོན་ཡོངས་ཀྱི་ནང་བོད་མི་ཚོས་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་བོད་མི་མང་པོ་ཞིག་དམར་བསད་བཏང་བ་དང་རྡུངས་རྡེག་བཏང་བ་དང་དེ་བཞིན་མུ་མཐུད་ནས་བཙོན་འཇུག་དོ་དམ་བྱེད་བཞིན་པ་ལ་བརྟེན་ནས་འཛམ་གླིང་གི་ས་ཕྱོགས་ག་ས་གར་ཡོད་པའི་བོད་མི་ཚོས་བོད་དོན་དང་བོད་ནང་གི་བོད་མི་ཚོའི་ཐོག་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོས་ཀྱང་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པ་ལ་བརྟེན་ནས་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མིའི་འགོ་ཁྲིད་གསུམ་ཐེ་བའི་བོད་མི་ཁག་ཅིག་ད་ཆ་དོ་དམ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་འདུག མཐའ་མསྡོམས་ད་རེས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐོག་ནས་བལ་ཡུལ་གྱི་སྲིད་འཛིན་རྒིར་ཇ་པར་སཐ་ཀོ་རེ་ལ་མཆོག་གིས་བལ་ཡུལ་ནང་གི་བོད་མི་ཚོ་ལ་རང་དབང་དམངས་གཙོའི་ལམ་ལུགས་བཞིན་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུའི་ཐོག་རྒྱབ་སྐྱོར་རོགས་མགོན་གནང་རོགས་དགོས་པ་སོགས་ཀྱི་འབོད་བསྐུལ་ཞུས་འདུག།