བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་འདུག

ཟླ་འདིའི་ཚེས་༡༤་ནས་བཟུང་སྤྱི་འཐུས་ལྔ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་དགུན་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན། བོད་གཞིས་བྱེས་གཉིས་ཀྱི་དཀའ་སྡུག་གི་གནས་སྟངས་ཞུ་སྐུལ་དང་། ལྷག་པར་དུ་གྲོས་ཚོགས་གོང་འོག་གཉིས་ནས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་ཞུ་སྐུལ་ལས་འགུལ་སྤེལ་བཞིན་པ་དང་། དེའི་ཐད་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཐེངས་འདིར་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་རྒྱལ་ས་ལྡི་ལིར་ཡོད་པའི་ཁེ་ཎ་ཌའི་གཞུང་ཚབ་ཀྱི་གནད་ཡོད་མི་སྣ་དང་། ཐེ་ཝན་དོན་གཅོད་ལས་ཁང་གི་གནད་ཡོད་མི་སྣ། རྒྱ་གར་གཞུང་འཛིན་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཡིག་མ་ཧིན་དི་ར་པན་ཌེ་ལགས། དེ་བཞིན་མ་ཧ་ར་ཤི་ཊ་མངའ་སྡེའི་ཁོངས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་གཙོས་གཞུང་ཚབ་དང་། གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཐུག་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ད་ལྟའི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱ་ནག་ནང་དགུན་དུས་ཨོ་རྩལ་རྩེད་འགྲན་ཚོགས་རྒྱུའི་འོས་བབ་མེད་པ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་སོགས་བྱས་ཡོད་འདུག
སྤྱིར་བཏང་སྔོན་མ་ནས་རྒྱ་གར་གྱི་དགུན་དུས་གྲོས་ཚོགས་ཚོགས་པའི་སྐབས་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་མུས་ཡིན་ཡང་། སྔ་ལོར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་རྒྱ་གར་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་མེད་སྟབས། ད་ལན་དངོས་སུ་འཐུས་མི་རྣམས་དང་ཐུག་འཕྲད་ཀྱིས་ཞུ་སྐུལ་བྱས་ཡོད་པ་དང་སྐུ་ཚབ་འཐུས་མིའི་ཁྲོད། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་ཡོད་པ་རེད།
སྐུ་ཚབ་འཐུས་མི་རྣམ་པས་འདི་ཟླའི་ཚེས་༡༤་ནས་སྤྱི་ཚེས་༢༣་བར་ཞུ་སྐུལ་ལས་འགུལ་སྤེལ་འཆར་ཡོད་པ་དང་། དེ་ཡང་ཉིན་ལྟར་སྔ་དྲོ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣར་མཇལ་འཕྲད་དང་། ཕྱི་དྲོ་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་ཐུག་འཕྲད་བྱ་རྒྱུའི་མཛད་རིམ་ཡོད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།