སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཟླ་ལྔ་བའི་ནང་ཉིན་གཅིག་རིང་འཚོགས་གཏན་འཁེལ་འདུག
རིང་མིན་སྤྱི་ཟླ་ལྔ་པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་ཉིན་གཅིག་གི་རིང་འཚོགས་གཏན་འཁེལ་འདུག
འདི་ཚེས་༢༧ཉིན་ཚོགས་དྲུང་ལས་ཁུངས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དང་འབྲེལ་བའི་གསལ་སྒྲགས་ཤིག་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པའི་ནང་གསལ་ལྟར། སྐབས་ ༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་ཕྱི་ལོ་༢༠༢༡་ཟླ་བ་༥ ་བའི་ཚེས་༢༠་རེས་གཟའ་ཕུར་བུ་ཉིན་ལས་དུས་ཉིན་གྲངས་གཅིག་གི་རིང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་འཁེལ་ཡོད་པ་སོང་། སྤྱི་འཐུས་རྣམས་ཕྱི་ལོ་༢༠༢༡་ལོའི་ཟླ་བ་ ༥་བའི་ཚེས་ ༡༩ ་ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་གནང་དགོས་བ་གསལ་འདུག
གོང་ཞུས་ལུང་འདྲེན་བྱས་པའི་བཅའ་ཁྲིམས་དོན་ཚན་ཞེ་གཅིག་པ་སྟེ། བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན། ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས་ཞེས་བཀོད་འདུག་པ་མ་ཟད། བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་སྟེ། འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་རྣམས་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་ཞེས་བཀོད་འདུག འོན་ཀྱང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་རྩ་དགོངས་ཞུས་ཟིན་ཡོད་པར་བརྟེན། སྤྱི་འཐུས་ཚོགས་གཙོ་མེད་པར་སྤྱི་ཟླ་༥པའི་གྲོས་ཚོགས་དེ་བཞིན་ཇི་ལྟར་འཚོགས་རྒྱུ་ཡིན་མིན་ཐད་བོད་མིའི་སྤྱི་ཚོགས་ཁྲོད་བསམ་ཚུལ་འདྲ་མིན་ཡོང་བཞིན་པས་། འདི་གའི་རླུང་འཕྲིན་ཁང་ནས་སྤྱི་འཐུས་ཚོགས་གཞོན་ཨ་ཅྰརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་གནད་དོན་དེ་དང་འབྲེལ་བའི་སྐོར་བཅར་འདྲི་བྱེད་ཐབས་བྱས་ཀྱང་ཁོང་གིས་དང་ལེན་གནང་མ་སོང་།
ཡང་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་༡་པོ་སྟེ། སྤྱི་འཐུས་ལྷན་ཚོགས་དང་། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད་ཅེས་བཀོད་འདུག་ཀྱང་། དེང་སྐབས་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་གར་ནང་ཀོཝིཌ་༡༩་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཆེ་བའི་དབང་གིས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་རྒྱུའི་ཐད་འགོག་རྐྱེན་འཕྲད་སྲིད་པ་ཚོད་དཔག་གནང་མཁན་ཡང་འདུག་ཅིང་། འདི་གའི་རླུང་འཕྲིན་ཁང་ནས་ཀྱང་། ཨོ་གླིང་སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་དང་ཡོ་རོབ་བདམས་ཐོན་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་པར། སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་ཀྱིས། སྤྱི་ཟླ་ལྔ་པའི་གྲོས་ཚོགས་དེ་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་། ཨོ་སི་ཀྲི་ལི་ཡའི་རྒྱལ་ཁབ་ཀྱི་ནད་དུག་སྔོན་འགོག་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་དང་ཁྲིམས་སྒྲིག་ལྟར་སྤྱི་ཟླ་༥་པའི་གྲོས་ཚོགས་འཕར་མའི་ཐོག་ངོ་བཅར་ཞུ་ཐུབ་ས་མ་རེད་ཅེས་འགྲེལ་བརྗོད་གནང་སོང་ལ། བདམས་ཐོན་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཀྱང་གཅིག་མཚུངས། ད་ཐེངས་ཚོགས་འདུ་གལ་ཆེན་ཡིན་པས་འགྲོ་འདོད་ཡོད་ཀྱང་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་གྲོས་ཚོགས་ལ་ངོ་བཅར་བྱེད་ཁག་པོ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་དེ་དང་ཕྱོགས་མཚུངས་གོང་ཞུས་སྤྱི་འཐུས་གཉིས་ཀྱིས་སྤྱི་ཟླ་ལྔ་པའི་གྲོས་ཚོགས་ཀྱི་ལས་དོན་ཁག་ཅིག་དྲ་རྒྱ་བརྒྱུད་ནས་འཚོགས་རྒྱུའི་རེ་འདོད་གནང་བཞིན་འདུག
ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་༥་པའི་གྲོས་ཚོགས་འཕར་མ་དེའི་ནང་གཙོ་བོ་ཁྲིམས་ཞིབ་པ་གསར་པ་བསྐོ་བཞག་དང་འབྲེལ་བའི་ལས་དོན་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག་ཅིང་། ཨོ་གླིང་སྤྱི་འཐུས་གདོང་འདུད་སྐྱིད་འཛོམས་ལགས་ཀྱིས། སྤྱི་ཟླ་༥་པའི་གྲོས་ཚོགས་ནང་དུ། ཉེ་ཆར་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་དང་འབྲེལ་བའི་དཀའ་ངལ་དེ་དག་སེལ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཞིང་། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་ནི་དྲང་བདེན་མིན་པའི་ཁར། བཟང་སྤྱོད་ཀྱི་ཐོག་ནས་ཀྱང་འགྲིག་གི་མེད་པ་བསམ་ཚུལ་འགྲེལ་བརྗོད་གནང་སོང་།
གཞན་ཡང་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་སྤྱི་འཐུས་ཀྱི་ལས་གནས་ལས་རྩ་དགོངས་ཞུས་འདུག་པ་དང་། ཁོང་གི་ཚབ་ཏུ་སྒུག་ཐོའི་ནང་གསལ་བསོད་ནམ་དབང་མོ་ལགས་སྤྱི་འཐུས་སུ་བསྐོ་བཞག་གནང་འདུག་པ་དང། མདོ་སྟོད་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ནས་ཀྱང་སྤྱི་འཐུས་ཀྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པས། ཁོང་གི་ཚབ་ཏུ་སྒུག་ཐོའི་ནང་གསལ་ཚེ་རིང་སྒྲོལ་མ་ལགས་ཆགས་ཀྱི་ཡོད་འདུག