སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་བ་དེ་བཞིན། སྤྱི་ཟླ་༣པའི་ཚེས་༡༥ནས་༢༥བར་འཚོག་གཏན་འཁེལ་བ་བཞུགས་སྒར་དུ་སྤྱི་ཚེས་༡༥ཉིན་དངོས་སུ་དབུ་འཛུགས་གནང་སོང་ལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་ནང་། རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་གཏོང་གི་ཡོད་ཅེས་འཛུགས་བསྐྲུན་གྱི་ལས་འཆར་མང་པོ་བཏིང་གི་ཡོད་པ་བཞིན། ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་རིམ་པ་མང་པོ་སྤེལ་བཞིན་པའི་ཐོག་ནས་ཚུར་མདོར་བསྡུས་ན། བོད་མི་རིགས་དང་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་འཛིན་བཞིན་པ་གསལ་བོ་རེད། ཡིན་ནའང་། ད་ལྟ་འཛམ་གླིང་གི་ཆབ་སྲིད་གནས་བབ་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་དང་། རྒྱ་ནག་ནང་དུའང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བཞིན་པར་བརྟེན། རྒྱ་ནག་མགོ་ཁྲིད་ཚོས་བོད་ནང་གི་གནས་སྟངས་དང་༧གོང་ས་མཆོག་གི་དགོངས་གཞི་སོགས་ཀྱི་ཐོག་བསྐྱར་ཞིབ་ཀྱིས། བོད་རྒྱ་འབྲེལ་མོལ་ཡོང་ཐུབ་པ་དང་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན། བོད་རྒྱ་མི་རིགས་གཉིས་ཀྱི་ཁེ་ཕན་ཆགས་ཀྱི་ཡོད་ཅེས་གསལ་སྟོན་གནང་སོང་།
གྲོས་ཚོགས་ཚོགས་དུས་འདིར་བཀའ་ཤག་གི་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་དང་། སྒྲིག་གཞི་བསྐྱར་བཅོས་ཁག་ཅིག་གྲོས་ཚོགས་སུ་ཕུལ་རྒྱུ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་སྐོར་གྱི་སྙན་ཐོ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། དེ་མིན་གཞན་མང་ཆེ་བ་རྩིས་ལོ་༢༠༢༣་དང་༢༤སྐོར་གྱི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་མའི་སྐབས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྐོ་བཞག་དང་འབྲེལ་བའི་ཁྲིམས་འཆར་བསྐྱར་བཅོས་གནང་ཐུབ་མེད་པར་བརྟེན། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཐུབ་བསྟན་རྒྱ་མཚོ་གཉིས་ཀྱིས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཅིག་གྲོས་ཚོགས་སུ་ཕུལ་རྒྱུ་ཡིན་པའི་སྐོར། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནས་ཁྲིམས་ཞིབ་ཁང་འཐུས་ཚང་ཞིག་མེད་པ་ཡིན་ན། མང་གཙོའི་ཀ་བ་གསུམ་གྱི་ལྗིད་སྙོམ་སྟངས་འཛིན་སྟེ། འཛིན་སྐྱོང་དང་གྲོས་ཚོགས་བར་སྟངས་འཛིན་བྱེད་མཁན་གྱི་བཅའ་ཁྲིམས་སྲུང་སྐྱོབ་བྱེད་མཁན་ཁྲིམས་ཞིབ་ཁང་ཡིན་པའི་ཆ་ནས། ཁྲིམས་ཞིབ་པ་དེ་གང་མགྱོགས་ཡོང་ཐུབ་ཐབས་སུ་འགན་ཁུར་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་ཡིག་ཁུར་ཡོང་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
མདོ་སྟོད་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་སླེབས་ཡོང་དུས་གནས་སྟངས་ལ་བལྟས་ཏེ་ཡང་བསྐྱར་བསམ་བློ་བཏང་དགོས་པ་ཞིག་དང་། བཅའ་ཁྲིམས་བསྐྱར་བཅོས་འགྲོ་ཐུབ་དང་མི་ཐུབ་བཤད་ཚོག་མི་ཐིག་ནའང་། འགྲོ་དགོས་པ་ཞིག་ཏན་ཏན་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
སྤྱི་ཚེས་༡༥ཉིན་གྱི་གྲོས་ཚོགས་ལས་རིམ་དུ། གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཅས་བཏོན་ཡོད་པ་མ་ཟད། དཔལ་འབྱོར་བཀའ་བློན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༣དང་༢༤ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་། རྩིས་ལོ་༢༠༢༣དང་༢༤ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་སོགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།