རུང་རྒྱལ་ཨ་གྲགས་ཀྱི་ཚ་བོར་ལོ་ལྔའི་བཙོན་འཇུག་གི་ཁྲིགས་ཐག།

རུང་རྒྱལ་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་གྲགས་སྐལ་རྒྱམ་ཞུ་བ་དེར་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

2008.07.17

༄༅༎བོད་ཁམས་ལི་ཐང་ཁུལ་ནས་ཡིན་པའི་རུང་རྒྱལ་ཨ་གྲགས་ལགས་ཀྱི་ཚ་བོ་ཨ་གྲགས་སྐལ་རྒྱམ་ཞུ་བ་དེར་རྒྱ་ནག་གཞུང་གིས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབངང་ལས་འགུལ་ཚོགས་པས་ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ ཨ་གྲགས་སྐལ་རྒྱམ་ལགས་སུ་བཙོན་འཇུག་གི་ཉེས་ཆད་དེ་བཞིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ཁྱབ་ཁོངས་དཀར་མཛེས་བོད་རིགས་རང་སྐྱོངས་ཁུལ་གྱི་དར་རྩེ་མདོ་མི་མང་ཁྲིམས་ཁང་ནས་ཕྱི་ཟླ་འདིའི་ཚེས་༡༤ཉིན་ཐག་གཅོད་བྱས་ཡོད་པ་རེད་ ལོ་ལྔའི་རིང་བཙོན་འཇུག་གི་ཁྲིམས་ཐག་དེ་ཡང་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྐུལ་སློང་བྱས་པའི་ནག་ཉེས་སྐྱོན་འཛུགས་ཡིན་པ་རེད་ ཨ་གྲགས་སྐལ་རྒྱམ་ལགས་ཁོང་སྔ་ལོ་ཕྱི་ཟླ་༡༠པའི་ཚེས་༣ཉིན་ས་གནས་ཉེན་རྟོག་མི་སྣས་དོ་དམ་འཛིན་བཟུང་བྱས་འདུག་པ་དང་ འཛིན་བཟུང་བྱེད་དགོས་དོན་ནི་ དེ་སྔོན་༢༠༠༧ལོའི་ཕྱི་ཟླ་༨པའི་ནང་ལི་ཐང་རྟ་རྒྱུགས་དུས་ཆེན་སྐབས་རུང་རྒྱལ་ཨ་གྲགས་ལགས་ནས་རྒྱའི་བཙོན་འཛུལ་ལ་ངོ་རྒོལ་བྱས་པ་དང་དེའི་ཤུགས་རྐྱེན་འོག་ལི་ཐང་ཁུལ་དུ་བོད་མི་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་དོན་རྐྱེན་ལ་བརྟེན་ནས་ རྒྱ་ནག་གཞུང་གི་ལི་ཐང་ཁུལ་དུ་རྒྱལ་གཅེས་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་སྐབས་ ཨ་གྲགས་སྐལ་རྒྱམ་ལགས་ཀྱིས་རྒྱལ་གཅེས་སློབ་གསོའི་ལས་འགུལ་ལ་བརྩི་བཀུར་ཞུ་རྒྱུའི་ཚབ་དེ་ལས་ལྡོག་སྟེ་ ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་པའི་རེ་འདུན་གྱི་འབོད་ཚིག་སྒྲོག་པའི་རྐྱེན་ཁོང་འཛིན་བཟུང་བྱས་ཡོད་པ་རེད་ བོད་རང་བཙན་ལས་འགུལ་ཚོགས་པའི་གནས་ཚུལ་འབྱུང་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་ ཨ་གྲགས་སྐལ་རྒྱམ་ལགས་ཐོག་མར་འཛིན་བཟུང་བྱས་པ་ནས་བཟུང་ས་གནས་རྒྱ་ནག་གཞུང་གིས་ ཁོང་གི་ནང་མི་གཉེན་ཚན་སུ་ཞིག་ལའང་ཨ་གྲགས་སྐལ་རྒྱམ་ལགས་དང་ཐུག་འཕྲད་ཅི་ནས་བྱེད་དུ་བཅུག་མེད་པ་དང་ མཐར་ཚེས་༡༣ཉིན་ ས་གནས་ཉེན་རྟོག་མི་སྣས་ཁོང་གི་ནང་མི་རྣམས་ལ་ ཚེས་༡༤ཉིན་ཨ་གྲགས་སྐལ་རྒྱམ་ལགས་ཀྱི་ནག་ཉེས་ཐོག་དར་རྩེ་མདོ་ཁྲིམས་ཁང་ནས་ཐག་གཅོད་བྱ་རྒྱུ་ཡིན་ལུགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད་ དགུང་ལོ་༢༧ཡིན་པའི་ཨ་གྲགས་སྐལ་རྒྱམ་ལགས་སུ་ཕྲུ་གུ་བོུ་གཉིས་ཡོད་འདུག་པ་དང་ ཁོང་དེ་སྔ་རྒྱ་གར་ལྷོ་ཕྱོགས་སུ་འབྲས་སྤུངས་དགོན་པའི་ནང་སློབ་གཉེར་གནང་ཞིང་ ༢༠༠༡ལོར་བོད་ལ་ཕྱིར་ལོག་ཕེབས་པ་ཡིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎