འབྲོག་པར་དཀའ་ངལ་ཆེན་པོ་འཕྲད་དུས་རྒྱབ་སྐྱོར་གནང་ན་བོད་ཀྱི་སྲོལ་རྒྱུན་འཚོ་རྟེན་འབྲོག་ལས་མུ་མཐུད་གནས་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་ལ་དྭགས་བྱང་ཐང་འབྲོག་པས་གསུང་གི་འདུག
ཟླ་ ༢ ཚེས་ ༢༨ ཉིན་ལ་དྭགས་གླེ་བྱང་གཉིས་སུ་ཁ་བ་ཤུགས་ཆེ་བབ་རྐྱེན་བྱང་ཐང་གནས་སྡོད་བོད་མི་འབྲོག་པ་མང་པོའི་ར་ལུག་སེམས་ཅན་ཕོན་ཆེ་འཆི་སྐྱོན་བྱུང་སྟེ་འབྲོག་པའི་འཚོ་བར་དོ་ཕོག་ཆེན་པོ་བྱུང་བར་བོད་མིའི་སྒྲིག་འཛུགས་ངོས་ནས་ས་གནས་བོད་མི་འབྲོག་པ་རྣམས་ཀྱི་ཆེད་མང་ཚོགས་ཁྲོད་བློས་བཅད་ཞལ་འདེབས་བསྡུ་རྒྱུའི་ལས་འགུལ་སྤེལ་འདུག་ལ། དེ་འབྲེལ་ལ་དྭགས་བྱང་ཐང་གནས་སྡོད་བོད་མི་འབྲོག་པ་ཞིག་གིས་ད་ལོ་འབྲོག་ལས་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་རྒྱབ་སྐྱོར་གནང་ཐུབ་ན། བོད་ཀྱི་སྲོལ་རྒྱུན་འཚོ་རྟེན་འབྲོག་ལས་མུ་མཐུད་གནས་རྒྱུར་ཕན་ཐོགས་ཆེན་པོ་འོང་ངེས་ཡིན་པ་གསུང་གི་འདུག
དེ་ཡང་ལ་སྤྱི་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་གནད་དོན་དེ་དང་འབྲེལ་ཏེ་གསུངས་དོན་ལ། འདི་ལོའི་ཟླ་བ་གཉིས་པའི་ཟླ་མཇུག་ལོ་གསར་སྐབས་ལ་དྭགས་གླེ་བྱང་ཁུལ་དུ་ཁ་བ་ཆེན་པོ་བབ་པའི་རྐྱེན་གྱིས་བྱང་ཐང་ས་ཁག་དགུ་ནང་ཡོད་པའི་བོད་མི་འབྲོག་པ་ཚོའི་ར་ལུག་སེམས་ཅན་ ༤༡༤༠ ལྷག་ལ་འཆི་སྐྱོན་བྱུང་སྟེ། ས་གནས་འབྲོག་པའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། དེ་དོན་དཀའ་སེལ་སླད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ས་གནས་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གང་ཐུབ་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བྱང་ཐང་གནས་སྡོད་བོད་མི་འབྲོག་པ་ཚོའི་དཀའ་སེལ་དང་རྒྱབ་སྐྱོར་ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་མང་ཚོགས་ཁྲོད་ནས་ཞལ་འདེབས་བསྡུ་རྒྱུའི་ལས་གཞི་ཞིག་སྤེལ་ཡོད་པ་དང་འབྲེལ། ཉེ་ཆར་བྱང་ཐང་དང་གླེ་ཁུལ་དུ་ཁ་བབས་ཚད་མཐོ་བའི་རྐྱེན་གྱིས་འབྲོག་ཁུལ་གྱི་ར་ལུག་གྲངས་ ༤,༡༤༠ ཤི་ཡོད་པ་དང་། གངས་ཞོད་ཀྱི་གོད་ཆག་ཆེན་པོ་དེས་ཁྱིམ་ཚང་ ༢༤༠ ལྷག་གི་འཚོ་བ་དང་། རིག་གཞུང་རྒྱུན་གནས་བཅས་ལ་དོ་ཕོག་ཆེན་པོ་བཏང་ཡོད་ལ། ལྷག་པར་དུ་གོད་ཆག་དེ་ལ་བརྟེན་ནས་འབྲོག་པའི་བལ་དང་འོ་མའི་ཐོན་ཁུངས་དང་། ཚོང་ལས་ཀྱི་མ་རྩ་ཤོར་བ་མ་ཟད། ཉིན་རེའི་འཚོ་རྟེན་ཀྱི་འབྱུང་ཁུངས་ལའང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། གནོད་འཚེ་ཕོག་པའི་ཁྱིམ་ཚང་ཚོར་འཕྲལ་མར་ངལ་སེལ་གུན་སྐྱོབ་ཁུངས་གཏོང་ཞུ་ཆེད་མི་མང་གི་བློས་བཅད་ཞལ་འདེབས་འབུལ་གནང་ཡོང་བའི་འབོད་སྐུལ་གནང་འདུག་ཅིང་། ཞལ་འདེབས་འབུལ་འདོད་ཡོད་རིགས་ས་གནས་སོ་སོའི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་ནས་འབུལ་འཐུས་སྐོར་འཁོད་འདུག
དེ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལ་དྭགས་བྱང་ཐང་ཁུལ་དུ་ར་ལུག་སེམས་ཅན་ ༤༠༠༠ ལྷག་འཆི་སྐྱོན་བྱུང་བར་བརྟེན་ཧིན་སྒོར་ས་ཡ་ ༢༠ ལྷག་གི་གྱོང་གུན་ཕོག་ཡོད་སྟབས། ནང་སྲིད་ལས་ཁུངས་ནས་གུན་གསབ་ཆ་ཚང་བ་སྤྲད་རྒྱུ་དཀའ་བས། བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ཀྱི་ཞལ་འདེབས་བསྡུ་རྒྱུའི་ལས་འགུལ་སྤེལ་ཡོད་པས། མི་མང་གིས་ཞལ་འདེབས་གནང་ཐུབ་ན་བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་པར་ལ་དྭགས་སུ་དཀའ་ངལ་འཕྲད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་གསུངས་འདུག
བྱང་ཐང་བཀག་གཞུང་གི་འགོ་པ་བློ་བཟང་ཡོན་ཏན་ལགས་ཀྱིས་ས་གནས་ཀྱི་གནས་སྟངས་དང་འབྲེལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་ལ། ས་གནས་ཀྱི་ཁྱིམ་ཚང་ ༥༠ ལྷག་ལ་དུད་འགྲོ་ཡོད་པ་དང་། སྔ་ལོ་དབྱར་དུས་ཆར་ཆུ་དཀོན་པོ་བྱུང་བར་བརྟེན་ད་ལོ་རྩ་ཁ་ངན་པ་བྱུང་ཡོད་པ་དང་། དེའི་སྟེང་དུ་ད་ལོ་གངས་བབ་རྐྱེན་སེམས་ཅན་མང་པོར་འཆི་སྐྱོན་བྱུང་ཡོད་ལ། དམིགས་བསལ་རེའུ་དང་ལུག་གུ་ཕལ་ཆེ་བ་འཆི་སྐྱོན་བྱུང་ཡོད་པ་གསུང་གི་འདུག དེ་བཞིན་ཁོང་གིས་འབྲོག་པས་མ་མཐོང་བ་རིའི་སྒང་ལ་ར་ལུག་མང་པོ་འཆི་སྐྱོན་བྱུང་ཡོད་པས་ད་བར་ནོར་ག་ཚོད་འཆི་ཡོད་མེད་གསལ་པོ་ཤོད་དཀའ་ཞིང་། ད་དུང་འབྲོག་སར་རྩ་སྔོན་པོ་མེད་པས་སྒོ་ཕྱུགས་མུ་མཐུད་འཆི་བཞིན་ཡོད་པ་གསུང་བཞིན་འདུག་ལ། དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་དང་ས་གནས་གཞུང་གིས་བཀའ་དྲིན་ཆེན་པོས་རོགས་སྐྱོར་གནང་གི་ཡོད་ནའང་། དེས་གུན་གསབ་ཐུབ་ཀྱི་མེད་པ་གསུངས་བྱུང་།
གཞན་ཡང་ཁོང་གིས་འབྲོག་པར་དཀའ་ངལ་དེ་ལྟ་བུ་འཕྲད་དུས་མ་འོངས་པར་འབྲོག་པ་གནས་མིན་ཐད་བློ་འཚབ་ཆེན་པོ་ཡོད་པ་དང་། འབྲོག་པ་སྟོངས་ན་བོད་ཀྱི་སྲོལ་རྒྱུན་གྱི་སེམས་ཅན་གཡག་དང་ར་ལུག་རྣམས་མེད་པ་ཆགས་རྒྱུའི་ཉེན་ཁ་ཆེ་ལ། ད་ལོ་འབྲོག་པར་དཀའ་ངལ་ཆེན་པོ་འཕྲད་པའི་དུས་རྒྱབ་སྐྱོར་གནང་ཐུབ་ན་འབྲོག་པའི་འཚོ་བ་མུ་མཐུད་གནས་རྒྱུར་ཕན་ཐོགས་ཆེན་པོ་འོང་ངེས་ཡིན་པ་གསུང་གི་འདུག
གཞི་རྩའི་དེང་སྐབས་འཛམ་གླིང་གི་ཚ་དྲོད་མཐོ་རུ་ཕྱིན་ཏེ། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ཆར་ཆུ་དུས་སུ་མ་བབ་པ་དང་། དུས་མ་ཡིན་པའི་གངས་ཆར་བབ་པ། ཆུ་རུད་དང་ས་རུད་སོགས་ལ་བརྟེན་ནས་མིའི་འཚོ་བར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་ལྟར། ཧི་མ་ལ་ཡའི་རི་རྒྱུད་ལའང་གནམ་གཤིས་འགྱུར་ལྡོག་གི་དཀལ་ངལ་བརྟེན་ནས་ཆར་ཆུ་དུས་སུ་མ་བབ་པ་པའི་རྐྱེན་གྱི་ས་གནས་ཀྱི་འབྲོག་པ་ཐེ་བའི་ཡུལ་མིའི་འཚོ་བར་དཀའ་ངལ་བཞིན་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།