གངས་སྐྱིད་དུ་བོད་ཀྱི་འབྲོག་པའི་འཚོ་བར་དངོས་མྱོང་གིས་འགྲེམས་སྟོན་གནང་སོང་།
བོད་ནང་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་གནས་སྟངས་ཉག་ཕྲ་བའི་སྐབས་རྡ་སར་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་བོད་ཀྱི་འབྲོག་པའི་སྐོར་འགྲེམས་སྟོན་གནང་སོང་།
སྤྱི་ཟླ་༡༠པའི་ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ལ་དྭགས་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་འབྲོག་པའི་འཚོ་བའི་གནས་སྟངས་སྐོར་འཁྲབ་སྟོན་དང་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་ནང་དུ་ཁོར་ཡུག་དང་ལྷག་ཏུ་འབྲོག་པ་ཚོ་ཉེན་ཁའི་འོག་གནས་ཡོད་པའི་དུས་སྐབས་འདིར། འདི་ལྟ་བུའི་འགྲེམས་སྟོན་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་གསུངས་སོང་།
ཐེངས་འདིའི་འགྲེམས་སྟོན་ནང་བོད་ཀྱི་འབྲོག་པའི་འཚོ་བའི་སྐོར་འཁྲབ་སྟོན་གནང་མཁན་སློབ་ཕྲུག་༢༦ཙམ་ཡོད་པ་ཆ་ཚང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་བོད་མིའི་འབྲོག་པ་ཚོའི་བུ་ཕྲུག་ཤ་སྟག་ཡིན་འདུག་ཅིང་། ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས་ཀྱིས། ལ་དྭགས་འབྲོག་ས་ཁུལ་དུ་འཚར་ལོང་བྱུང་བའི་འབྲོག་པའི་བུ་ཕྲུག་ཚོས་བོད་ཀྱི་འབྲོག་པའི་འཚོ་གནས་སྐོར་འགྲེམས་སྟོན་བྱས་པ་དེ་ནི་དམིགས་བསལ་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མི་རབས་གསར་པ་ཚོར་འབྲོག་པའི་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེར་གཟིགས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གི་སྲིད་བྱུས་འོག་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་ཀྱི་འབྲོག་པ་རྣམས་རང་གི་ཕ་མེས་ཀྱི་དུས་ནས་འཚོ་གནས་བྱེད་ཡུལ་འབྲོག་ས་ནས་བཙན་གྱིས་གནས་སྤོས་བྱེད་འཇུག་གི་ཡོད་པ་ཟད། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། སྤྱི་ལོ་༢༠༠༣ཙམ་ནས་རྒྱ་ནག་གཞུང་གིས་བོད་ནང་འབྲོག་པ་གནས་སྤོས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། ད་ཆ་འབྲོག་པ་མང་དག་ཅིག་གྲོང་ཁྱེར་དང་གྲོང་སྡེར་གནས་སྤོས་ཟིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འབྲོག་པའི་སྲོལ་རྒྱུན་གྱི་རིག་གཞུང་རྩ་བརླག་གཏོང་ཐབས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་བསྟན་འཛིན་རབ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ད་སྐབས་ལ་དྭགས་ཁུལ་དུ་བོད་མི་འབྲོག་པ་༡༠༠སྐོར་ཞིག་ཡོད་པ་དེ་དག་སྟོང་ལ་ཉེ་བའི་ཉེན་ཁ་ཡོད། རྒྱུ་མཚན་ནི། ལ་དྭགས་ཁུལ་དུ་རྩ་ཐང་གི་དཀའ་ངལ་ཡོད་པའི་ཁར། ལ་དྭགས་བྱང་ཐང་ཁུལ་གྱི་འབྲོག་པ་ཚོར་འཚོ་བའི་གནས་སྟངས་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།