བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་མཉམ་འབྲེལ་ཐོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཞུགས་འབུལ་མ་བྱེད་གོང་ཞིབ་འཇུག་མཐིལ་ཕྱིན་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

2025.04.18
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་མཉམ་འབྲེལ་ཐོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཞུགས་འབུལ་མ་བྱེད་གོང་ཞིབ་འཇུག་མཐིལ་ཕྱིན་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། བཞུགས་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༢༠༢༥།༠༤།༡༨ ཉིན།
RFA/ Tenzin Lekmon

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གཅིག་ཐུན་མོང་གིས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ། ད་ལྟའི་ཆར་ཁོང་གི་སྐུ་ཕུང་འབྲེལ་ཡོད་ལ་རྩིས་སྤྲོད་དང་། ཝིཡེཏ་ནམ་ (Vietnam) གཞུང་ནས་གནས་སྐབས་རིན་པོ་ཆེན་གྱི་སྐུ་ཕུང་ཞུགས་འབུལ་མི་བྱེད་པར་ཞིབ་འཇུལ་མཐིལ་ཕྱིན་དགོས་པ་སོགས་ཀྱི་དགོས་འདུན་འོག མེག་གྷན་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམ་ཚེ་རིང་ལགས་ནས། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཝིཡེཏ་ནམ་དུ་ཞུགས་འབུལ་བྱེད་རྒྱུ་ཡིན་པ་གནས་ཚུལ་ཤེས་རྟོགས་བྱུང་བས། ཛ་དྲག་གི་ལས་འགུལ་འདི་སྤེལ་ནས། ང་ཚོ་ངོས་ནས་ཝིཡེཏ་ནམ་གཞུང་ལ་གནས་སྐབས་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་མི་བྱེད་པར། ཞིབ་འཇུལ་མཐིལ་ཕྱིན་པ་ཞིག་ཡོང་ཐབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་དེ་ལ་ཐེ་བྱུས་བྱེད་དགོས་པ་སོགས་ཀྱི་ཆེད་ཡིན་པ་བརྗོད་བྱུང་།

གཞན་ཡང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དང་འབྲེལ། སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་གྱི་གནད་དོན་ཐད་ཞིབ་འཇུག་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཝིཡེཏ་ནམ་གཞུང་ལ་ཤུགས་སྣོན་གང་མགྱོགས་དགོས་པ་ལས། གལ་ཏེ་དེ་ལྟར་མ་བྱས་ཚེ་རྒྱ་ནག་གཞུང་གིས་རིན་པོ་ཆེའི་སྐུ་ཕུང་མེད་པ་བཏང་སྟེ། མ་འོངས་པར་སྐུ་ཕུང་ལ་ཞིབ་འཇུག་དང་བོད་ནང་གདན་འདྲེན་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་ངེས་ཡིན་པས། རྒྱལ་སྤྱིའི་ཁྲིམས་ལུགས་བཞིར་བཟུང་ལུང་པ་གང་ཞིག་ཏུ་མི་ཞིག་འདས་གྲོངས་སུ་གྱུར་ཚེ། བརྒྱུད་རིམ་དང་འགྲོ་སྟངས་འགྲོ་ལུགས་ཤིག་ཡོད་པས། ད་ཆ་མཆོག་སྤྲུལ་མཆོག་འདས་གྲོངས་སུ་གྱུར་བའི་གནད་དོན་དང་འབྲེལ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པར་རྒྱ་ནག་གི་འདོད་མོས་བཞིན་བྱ་གཞག་སྤེལ་བཞིན་ཡོད་སྐོར་གསལ་སྟོན་གནང་སོང་།

ཚོགས་པ་ལྔས་ངོ་རྒོལ་སྐད་འབོད་ཀྱི་ཡོངས་ཁྱབ་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་། སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་རྐྱེན་གྱི་གནད་དོན་ཐད་ཞིབ་འཇུག་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཝིཡེཏ་ནམ་རྒྱ་ནག་གཞུང་ཚབ་ཁང་གཉིས་ནས། རིན་པོ་ཆེའི་སྐུ་ཕུང་ཝིཡེཏ་ནམ་ནས་ཞུགས་འབུལ་ཞུ་འཆར་ཆེད་ཡིག་ཆ་བཟོ་བཞིན་ཡོད་པ་མ་ཟད། སྐུ་ཕུང་ཞུགས་འབུལ་སྐབས་པར་དང་བརྙན་སོགས་གང་ཡང་བརྒྱབ་མི་ཆོག་པའི་བཙན་ཐབས་དང་དམ་དྲག་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོས་རིན་པོ་ཆེའི་ནང་མིར་ཡིག་ཆ་དང་བདེན་དཔང་སོགས་གང་ཡང་སྟོན་རྒྱུ་མེད་པའི་གནས་སྟངས་ཐད་བློ་འཚབ་ཤུགས་ཆེར་གནང་གི་ཡོད་པ་འགྲེལ་བརྗོད་གནང་འདུག་ལ། ཡིག་ཆ་དེའི་ནང་ཚོགས་པ་ལྔས་ཐུན་མོང་ཐོག་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་འབྲེལ་ལ་མགྱོགས་མྱུར་རྩིས་སྤྲོད་དགོས་པ། ཕྱི་གསལ་ནང་གསལ་ནང་ཞིབ་འཇུག་མཐར་ཕྱིན་པ་དགོས་པ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཝིཡེཏ་ནམ་གཞུང་ལ་འབྲེལ་ཡོད་རྟོག་ཞིབ་ཚན་པ་དང་མཉམ་འབྲེལ་ཡོང་བར་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་རིན་པོ་ཆེའི་དགོན་གྲོང་གཉིས་སུ་དམ་དྲག་མྱུར་དུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག

491966382_1152695570235460_4271710178166400358_n (1).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ། ༢༠༢༥།༠༤།༡༨ ཉིན།

གཞན་ཡང་ཟླ་ ༤ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་སྐུ་གཤེགས་རྐྱེན་གྱི་གནས་ཚུལ་ཐད་ཕྱི་གསལ་ནང་གསལ་དང་། རྒྱལ་སྤྱིའི་གཞུང་དང་རང་དབང་ཅན་གྱི་སྡེ་ཚན་ཁག་ནས་ཞིབ་དཔྱོད་ཆ་ཚང་གནང་སྟེ་གནས་སྟངས་ངོ་མ་གང་ཡིན་འཕྲལ་དུ་ཕྱིར་བསྒྲགས་དགོས་རྒྱུ། རྒྱ་ནག་དམར་གཞུང་གི་གནོན་ཤུགས་འོག་མ་ཚུད་པར་རྒྱལ་ཁབ་དང་འབྲེལ་ཡོད་ཁག་ནས་སྤྲུལ་སྐུ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་འཕྲལ་དུ་དགོན་པར་རྩིས་སྤྲོད་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་རང་དབང་ཅན་གྱི་ཁྲིམས་དོན་སྨན་སྦྱོར་དཔྱད་ཞིབ་ཁང་ནས་གཤེགས་རྐྱེན་ཞིབ་དཔྱོད་གནང་དགོས། སྤྲུལ་སྐུ་སྤྲུལ་སྐུ་ཧུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ལ་ཞིབ་དཔྱོད་ཚད་ལྡན་བྱས་རྗེས་བོད་ཀྱི་ཆོས་ཕྱོགས་སྲོལ་རྒྱུན་གྱི་འདས་མཆོད་ཚད་ལྡན་ཡོང་སླད་རྒྱ་ནག་གཞུང་ནས་འགོག་རྐྱེན་མེད་པར་སྐུ་ཕུང་དགོན་པར་ངེས་པར་དུ་ཕྱིར་སྤྲོད་དགོས་རྒྱུ་བཅས་བཀོད་འདུག

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་དང་གཅིག་མཚུངས་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཕྱོགས་ཐད་ཀྱི་གནས་ཚུལ་ད་དུང་ཡང་གསལ་ཁ་མེད་པ་རེད། འོན་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། རིན་པོ་མཆོག་གི་སྐུ་ཕུང་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ཁོང་ཝིཡེཏ་ནམ་ (Vietnam) དུ་དགོངས་པ་རྫོགས་རྗེས་སྐུ་ཕུང་འཇོག་ཡུལ་ (Vinmec Central Park International Hospital) སྨན་ཁང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༤༡ སར་ཆགས་པའི་ལོང་ཐོ་ (Long Thọ Cremation Park) དུར་ཁྲོད་དུ་འོར་འདྲེན་ཞུས་ཡོད་པ་དང་། བོད་མི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་སོགས་ནས་རྒྱ་ནག་གཞུང་དང་ཝིཡེཏ་ནམ་གཞུང་གིས་འགན་ཁུར་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་རྐྱེན་ཕྱི་གསལ་ནང་གསལ་དགོས་པའི་ཞུ་སྐུལ་དང་། ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎