ཨུ་རུ་སུར་བོད་མིའི་རང་དབང་སྒེར་ལངས་དྲན་གསོ་བྱས་འདུག
2017.03.13
ཨུ་རུ་སུའི་ས་ཕྱོགས་ཁག་འདྲ་མིན་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག
དེ་ཡང་ཨུ་རུ་སུའི་བོད་ཀྱི་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༡༠་ཉིན་ཨུ་རུ་སུའི་གྲོང་ཁྱེར་Saint-Petersburg གྱི་གྲོང་ཁྱེར་དཔེ་མཛོད་ཁང་དུ་བོད་རིག་པའི་མཁས་དབང་དང་། ནང་པའི་མཁས་དབང་སྐུ་ཞབས་Andrey Terentyev ལགས་ཀྱིས་བོད་དང་ཨུ་རུ་སུའི་དུས་རབས་བཞིའི་ཕན་ཚུན་འབྲེལ་ལམ་ཡོད་པར་ཡོངས་སུ་གཏད་པའི་སྒོ་ནས་གཏམ་བཤད་ཞིག་གནང་ཡོད་ཅིང་། ཁོང་གིས་ཐོག་མར་༡༩༥༩་ལོའི་སྤྱི་ཟླ་༣་པའི་ཚེས་༡༠་ཉིན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ནང་གི་ཡར་ལངས་ཆེན་མོ་དྲན་གསོ་དང་སྤྲགས། བོད་ནང་དུ་རྒྱ་མིས་བཙན་འཛུལ་བྱས་པ་དང་འདས་པའི་ལོ་དགུའི་རིང་བོད་མི་༡༤༥་ཙམ་གྱིས་རང་ལུར་མེར་བསྲེགས་བཏང་པ་བཅས་ཀྱི་ཐད་ལ་གཏམ་བཤད་སྤེལ་རྗེས་བོད་སྐྱོབ་ཞེས་འཁོད་པའི་ཡིག་ཆ་མང་པོ་མང་ཚོགས་ལ་བཀྲམ་འདུག
དེ་ནས་ཡང་རྒྱལ་ས་Moscow ནང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་Moscow དུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་ལྟེ་གནས་ཁང་དུ་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་སྐབས། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་དུ་བཤུ་གཞོག་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་མི་ཚོའི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ལ་རྒྱུན་འཛིན་དང་སྲུང་སྐྱོར་དར་འཕེལ་བྱེད་ཆོག་པའི་གཞི་རྩའི་འགྲོ་བ་མིའི་ཐོང་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ལྟར། ང་ཚོས་ཁོ་ཚོའི་ཆེད་དུ་འབོད་སྒྲ་བཏོན་རྒྱུ་དེ་ནི་རང་འཁྲིའི་འགན་ཞིག་ཆགས་ཡོད་ལ། ང་ཚོས་དྲང་བདེན་དང་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས་ཞེས་སོགས་གསུངས་ཡོད་འདུག
དེ་བཞིན་Kalmykia ས་གནས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དེ་སྔོན་༧གོང་ས་མཆོག་དགུང་གྲངས་༧༠་ལ་ཕེབས་དུས་ཆེ་བསྟོད་ཀྱིས་རྡོ་ཀ་མ་རུ་བའི་བཞེངས་པའི་སྟོན་པའི་འདྲ་སྐུའི་མདུན་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
ལས་འགུལ་དེ་ནི་Kalmykia་བོད་ཀྱི་གྲོགས་པོའི་ཚོགས་པས་གོ་སྒྲིག་ཞུས་བ་ཡིན་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།