ར་མོ་ཆེའི་དགེ་འདུན་པ་ལྔ་བཙན་འཁྲིད་ཀྱིས་ཤེས་རྟོགས་མེད་སྐོར།
2008.09.30
༄༅༎ཁ་སྔོན་ཕྱི་ཟླ་གསུམ་པ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་འགོ་བཙུགས་པའི་རྗེས་ཕྱི་ཟླ་བཞི་པའི་ནང་རྒྱ་མིའི་སྲུང་སྐྱོབ་དམག་དཔུང་གིས་ལྷ་ས་ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པའི་ཐོག་དྲག་གནོན་བྱས་པའི་རྗེས་འདས་པའི་ཟླ་དྲུག་ལྷག་དེའི་རིང་ར་མོ་ཆེའི་གཙུག་ལག་ཁང་གི་དགེ་འདུན་པ་ལྔ་ག་པར་བཙན་ཁྲིད་བྱས་ཡོད་མེད་ད་ལྟ་བར་ཤེས་རྟོགས་མེད་པ་རེད།
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་གསུང་པར། རྒྱ་ནག་གི་སྲུང་སྐྱོབ་དམག་མིས་འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་བདུན་ཉིན་གྱི་མཚན་མོར་དགེ་འདུན་པའི་གྲ་ཤག་སྔོག་བཤེར་བྱེད་པའི་སྐབས་དགེ་འདུན་པ་བདུན་ཅུ་ཙམ་འཛིན་བཟུང་བྱས་ཏེ་དགེ་འདུན་པ་མང་ཆེ་བར་ཉིན་ཤས་རིང་འདྲི་རྩད་བྱས་པའི་རྗེས་གློད་འགྲོལ་བཏང་ཡོད་ཀྱང་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་མཁན་གྱི་ལས་དོན་རུ་ཁག་གིས་དགེ་འདུན་པའི་ཐོག་འདྲི་རྩད་བྱེད་པ་སོགས་བསུན་བཙིར་ཆེན་པོ་བཟོས་ཡོད་པ་མ་ཟད། ད་དུང་དགུང་ལོ་སུམ་ཅུ་སོ་དགུ་ཡིན་པ་བོད་ཀྱི་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་ནས་ཡིན་པའི་ར་མོ་ཆེ་དགོན་པའི་ཕྱག་མཛོད་བསོད་ནམས་རབ་རྒྱས་ལགས་དང་སྐུ་ཞབས་དགྲ་འདུན་ལགས་དང་རབ་རྒྱས་ལགས་གཉིས་དང་དེ་མིན་གྱི་དགེ་འདུན་གཉིས་བཅས་ག་པར་ཡོད་མེད་ཤེས་རྟོགས་མེད་པའི་སྐོང་གསུང་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་བཞི་ཉིན་སྨོན་ལམ་ཚོགས་པའི་སྐབས་ར་མོ་ཆེ་དགོན་པའི་དགེ་འདུན་པ་ཚོས་སྐུ་མདུན་གྱི་ཞབས་བརྟན་གསོལ་འདེབས་འུར་འདོན་གནང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ཚོགས་དམངས་ཀྱི་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཞབས་བརྟན་གསོལ་འདེབས་ཞུས་པའི་སྐྱབས་ཐོ་སྐལ་བཟང་མཐོན་པོས་སྒྲོག་སྦྱང་གནང་བ་དང་བོད་ཀྱི་གནད་དོན་གང་མགྱོགས་སེལ་དགོས་པའི་སྐོར་གསུང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ར་མོ་ཆེ་དགོན་པ་དེ་ནི་ཏཱ་ལའི་བླ་མར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་ཉེས་འཛུགས་ཀྱིས་དམ་བསྒྲགས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།