ལྷ་སའི་སྨན་རྩིས་ཁང་དུ་བོད་སྨན་ཉོ་མཁན་རྒྱ་རིགས་མང་པོ་ཡོང་གི་ཡོད་པ།
2020.04.11
རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་སྒོ་ཕྱེ་བའི་རྗེས་ཝུའུ་ཧན་དང་གཞན་ཡང་རྒྱ་ནག་གི་ས་ཕྱོགས་གཞན་ནས་རྒྱ་མི་རིགས་མང་པོ་ཞིག་བོད་ནང་དེང་སང་འབྱོར་བཞིན་ཡོད་པ་དང་དེ་བཞིན་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་བཅོས་ཐབས་ལ་བོད་སྨན་གྱི་ཕན་ཐོགས་བྱུང་ཡོད་པའི་གནས་ཚུལ་རིམ་པ་ཐོན་པའི་དབང་གིས་ད་ཆ་ལྷ་སའི་སྨན་རྩིས་ཁང་དུ་བོད་སྨན་ཉོ་མཁན་རྒྱ་རིགས་མང་པོ་ཡོང་གི་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བྱུང།
ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འཛམ་གླིང་ཡུལ་གྲུ་ཁག་མང་པོའི་ནང་ཁྱབ་གདལ་བྱུང་ནས་ད་ཆ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་འགྲུལ་བཞུད་བཀག་སྡོམ་དང་མང་ཚོགས་རང་ཁྱིམ་ནས་ཕྱི་ལ་གང་བྱུང་ཐོན་མ་ཆོག་པའི་བཀག་བསྡོམས་བྱེད་བཞིན་ཡོད་ནའང་། བོད་ཀྱི་རྒྱལ་ས་ལྷ་སའི་ནང་ད་ཆ་ཟ་ཁང་དང་ཚོང་ཁང་ལས་གྲྭ་སོགས་ཆ་ཚང་སྒོ་ཕྱེ་ཡོད་པར་བརྟེན་ད་ཆ་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་རྒྱ་རིགས་མང་པོ་ཞིག་བོད་ནང་འབྱོར་བཞིན་ཡོད་པ་དེས་ས་གནས་བོད་མི་ཚོས་བློ་འཚབ་གནང་བཞིན་ཡོད་པ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་གཞན་ཞིག་གིས་འདི་གར་ངོ་སྤྲོད་གནང་གི་འདུག
སྤྱིར་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་ད་བར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་མི་གཅིག་ལའང་འགོས་ཁྱབ་བྱུང་མེད་པ་དང་བོད་མདོ་ཁམས་རྟའུ་ཁུལ་དང་བོད་མི་གནས་ཡུལ་ས་གནས་ཁག་ཅིག་ལ་ནད་ཡམས་དེ་འགོས་ཁྱབ་བྱུང་ནས་མཐར་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཀྱི་ཐབས་ལམ་ནས་བོད་མི་ནད་པ་མང་དག་ཅིག་དྲག་སྐྱེད་བྱུང་བའི་གནས་ཚུལ་ཁྱབ་སྤེལ་བྱུང་བ་བཞིན། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་བཞུགས་བོད་མི་འགའ་ཤས་ཞིག་ལ་ཉེ་ཆར་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་ཁྱབ་བྱུང་བར་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ཀྱི་ལམ་ནས་དྲག་སྐྱེད་ཕྱིན་པའི་གནས་ཚུལ་དྲ་རྒྱའི་བརྒྱུད་ལམ་ནས་ཤེས་རྟོགས་བྱུང་བ་སོགས་ཀྱི་ཐོག་ནས་ད་ཆ་ལྷ་ས་སྨན་རྩིས་ཁང་དུ་བོད་སྨན་གཟིགས་མཁན་བོད་རིགས་མང་པོ་ཡོད་པས་མ་ཟད། རྒྱ་རིགས་ཡང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་བོད་ཀྱི་རྒྱལ་ས་ལྷ་ས་ནས་མིང་འདོན་གནང་འདོད་མེད་པའི་གོང་ཞུས་མི་སྣ་གཉིས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་གི་འདུག
ད་དུང་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ས་ལྷ་སའི་ནང་གི་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བུ་བཅོལ་ཁང་དེ་ཚོ་སྒོ་ཕྱེ་མེད་པ་དང་། ཕོ་བྲང་པོ་ཏཱ་ལ་དང་ལྷ་སའི་ཇོ་ཁང་ནོར་བུ་གླིང་ཁ་དང་གདན་ས་སེར་འབྲས་དགའ་གསུམ་སྒོ་ཕྱེ་མེད་པ་རེད།།