འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཙན་བྱོལ་དུ་བསྐྱར་འཛུགས་མཛད་ནས་ལོ་ངོ་ ༦༤ འཁོར་བ་དང་བསྟུན་བསླབ་མཐར་སོན་གྱི་མཛད་སྒོ་འཚོགས།
ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༣ ཚེས་ ༢༣ ཉིན། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བོད་ཀྱི་རྒྱལ་ས་ལྷ་སར་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༩ འཁོར་བ་དང་། ཕྱིས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་བསྐྱར་འཛུགས་མཛད་དེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཕྱི་ཚེས་ ༢༥ རེས་གཟའ་མིང་དམར་ཉིན་བཞུགས་སྒར་དུ་ཡོད་པའི་སྨན་རྩིས་མཐོ་སློབ་ཁང་གི་ཚོགས་ཁང་དུ་ཚོགས་སོང་།
མཛད་སྒོའི་ཐོག་མར་དམིགས་བསལ་སྐུ་མགྲོན་ཕྱི་སྲིད་དམིགས་བསལ་སྐུ་ཚབ་ཡཤ་བྷིར་སིངྒ་ (Yashbir Singh) ལགས་ཀྱིས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་སྔ་ལོའི་ཕྱི་ཟླ་ ༦ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་འབྲེལ། གོ་སྟོན་བརྟན་བཞུགས་ཀྱི་དྲན་རྟེན་བརྙན་དེབ་ཞིག་དབུ་འབྱེད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཀྱིས་སྨན་སློབ་སྐབས་ ༢༢ དང་རྩིས་སློབ་སྐབས་ ༡༢ ཀྱི་སློབ་ཐོན་སྨན་རྩིས་པ་ ༢༥ ལ་ཕྱག་འཁྱེར་གསོལ་སྩལ་གནང་བ་དང་སྦྲགས། ཁོང་གིས་བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་ལ་ངོམ་དུ་ཆོག་པའི་རིག་གཞུང་ཞིག་ཡིན་པས། དེར་རྒྱ་ནག་གཞུང་གིས་ཧམ་བཤད་ཀྱིས་རྒྱ་ནག་གི་རིག་གཞུང་ཡིན་ལུགས་བསྟན་གྱི་ཡོད་དུས། བོད་མི་རིན་ཐང་ཤེས་པའི་ཐོག་གསོ་བ་རིག་པའི་གནས་ལ་མུ་མཐུད་སྦྱང་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
ཡང་སྨན་རྩིས་ཁང་གི་རིག་གཞུང་འགན་འཛིན་དང་ལོ་ངོ་གསུམ་ཅུ་ལྷག་རིང་སྒྲིག་འཛུགས་ནང་ཞབས་ཞུ་སྒྲུབ་མཁན་ཚེ་རིང་ནོར་བུ་ལགས་ཀྱིས། དེང་སྐབས་སྨན་རྩིས་ཀྱི་སློབ་སྦྱོང་གནང་མཁན་བོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་བཞིན་བོད་ཀྱི་གསོ་བ་རིག་པ་དང་ནང་ཆོས་མུ་མཐུད་རྒྱུན་གནས་ཐུབ་པའི་ཆེད་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་སེར་རྣམས་གལ་ཆེན་པོ་ཡིན་པ་དང་། དེ་མཚུངས་སློབ་ཕྲུག་ཚང་མར་འདྲ་མཉམ་ཀྱི་ལྟ་སྐྱོང་གནང་གི་ཡོད་པ་གསུངས་བྱུང་།
ད་ལོ་སློབ་མཐར་སོན་པའི་སྨན་སློབ་ཕུར་པ་བཀྲིས་ལགས་ཀྱིས། ལོ་དྲུག་ལྷག་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱས་རྗེས་ད་ཆ་འབྲས་སུ་གསོན་པར་དགའ་སྐྱོ་གཉིས་ཀ་ཚོར་བཞིན་འདུག གང་ཡིན་ཞེ་ན་ང་རང་བོད་ནས་ཡིན་པས་ཕ་མ་སྤུན་ཆེད་རྣམས་ཐག་རིང་ལ་ཡོད་སྟབས་དེ་རིང་གི་དགའ་འཛོམས་ཐུབ་ཡོད་ན་སྐྱིད་པོ་ཡོང་ངེས་རེད་བསམ་གྱི་འདུག དེ་མིན་འགྲོ་བ་ནད་པ་ལ་ཕན་པའི་གཞུང་རྩ་ཆེན་པོ་ཞིག་སྦྱང་རྒྱུའི་གོ་སྐབས་བརྒྱུད་སོ་སོ་དང་མི་གཞན་གྱི་འཕྲོད་བསྟེན་ཐད་ལམ་སྟོན་བྱེད་རྒྱུ་སོགས་མང་པོའི་ཐོག་ཉམས་མྱོང་ཕྱུག་པོ་བསགས་སོང་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་འགྲོ་ཕན་བོད་ཀྱིས་སྨན་རྩིས་ཁང་ནི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གསར་འཛུགས་བསྐྱངས་ཤིང་། བོད་དུ་དུས་འགྱུར་བྱུང་རྗེས་བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ་ཕེབས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༣ ཚེས་ ༢༣ ཉིན། བཞུགས་སྒར་རྡ་རམ་ས་ལར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ཡོད་པ་རེད་ལ། ད་ལྟའི་ཆར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྨན་རྩིས་ཁང་གི་ཡན་ལག་ ༥༠ ལྷག་ཡོད་པ་རེད་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།